Wednesday, July 26, 2017

༈ འཇམ་མགོན་རིན་པོ་ཆེ་ལ་གསོལ་འདེབས་བཞུགས།

༈ །ལུང་རིགས་ཐོས་པའི་ཤེས་རབ་ཀློང་དུ་འགྱུར་། །མན་ངག་བསམ་པའི་དཀའ་གནད་དཀྲོལ་དབང་འབྱོར། །བསྒོམ་བྱུང་འོད་ཀྱི་དྲྭ་བའི་སྐུ་གཉིས་ཞལ། །མཁྱེན་བརྩེ་དབྱེར་མེད་ཤིས་པ་བདག་ལ་སྩོལ། །འཇམ་དཔལ་ཀུན་བཟང་དཔལ་གྱི་རྡོ་རྗེའི་གཞི། །རྣམ་དག་ཨཱ་ལིའི་དབངས་ཅན་འོད་ལྔའི་གདངས། །ཀུན་བཟང་མོ་དབྱིངས་ལྷན་སྐྱེས་སྲས་གྱུར་གང་། །ཀཱ་ལིའི་དགྲ་ནག་རྣམ་པར་བཞེངས་ཞིག་ཀྱེ། །གདོད་ནས་རྣམ་དག་མགོན་པོར་ཆོས་ཟད་ལས། །འགྲོ་གཞན་ལྷུན་གྱིས་གྲུབ་པའི་གར་སྟོན་མཛད་། །རང་དབྱེར་མེད་པའི་གདེངས་ཐོབ་གསོལ་འདེབས་བུར། །ཁྱེད་མཆོག་དང་མཉམ་བཟློག་པའི་ནུས་སྐྱེད་སྩོལ།།

Tuesday, July 25, 2017

༈ རྩལ་སྦྱོངས་བདེ་ཆེན་རོལ་པའི་ཐབས་ཀྱི་རིགས་པ།

༈  ཆོས་ཐམས་ཅད་རིག་པའི་རྩལ་དུ་འཆར་བའི་ངོ་བོ་སྟོང་པ་ཆོས་ཀྱི་སྐུའི་དབྱིངས་དང་མཉམ་པ།  རང་བཞིན་མ་དགག་གསལ་བའི་རིག་པ་གང་ཡང་དུ་འཆར་གཞི་ཡོད་པས་རྩལ་ཞེས་དང།  སྟོང་གསལ་ངོ་བོར་རྟོགས་པའི་རྟོགས་པ་མེད་ན་མི་རུང་བ་ནི་ཐབས་ཡང་ཡིན་སྟེ་ཐབས་ཤེས་ཟུང་འཇུག་གི་ངོ་བོར་བཞུགས་པའི་ཐུགས་རྗེ་དེ་སྙིང་རྗེ་བྱང་སེམས་ཀྱི་ལམ་བཞུགས་གང་ཟག་ཁྱད་པར་གྱི་རྣམ་པར་སྤྲུལ་པའི་སྐུའི་སྲོག་ལྟ་བུ་ཡིན་པ་རེད།  རྩལ་སྦྱོང་ཟེར་བ།  རྒྱལ་སྲས་སྤྱིའི་སྤྱོད་པའི་གྲོགས་པོ་བཟང་པོ་ལ་བརྟེན་པའི་དགོས་པ་ནི་ཚོགས་གཉིས་བསགས་པའི་དབང་གིས་འཕེལ་བའི་སྙམས་མྱོང་བྱེད་རྒྱུ་དམ་དེ་དང་སྐྱེས་པར་གྲོགས་པའི་རྐྱེན་དང།  ཆོས་ཉིད་ཟད་སར་རང་སྣང་འཁྱོལ་བའི་སྒྲིབ་གཉིས་སྦྱངས་པའི་སྟོབས་དང་གཉིས་ལྟ་བུ་ལ།་  ་རྩལ་གྱི་དོན་ལྷུན་གྲུབ་གྱི་གཞི་ནས་གོ་ཚུགས།  དེ་དང་མཐུན་པའི་སྤྱོད་ལམ་བཟང་པོ་ཞིག་སྐྱོང་དགོས་པའི་རྒྱུ་མཚན་གང་འདྲ་རེད།  ཐུགས་རྗེའི་འཆར་གཞི་རྩལ་གྱིས་རོལ་པའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡིན་པས་ལྷུན་གྲུབ་ཏུ་འཆར་བའི་རྟེན་ཅིང་འབྲེལ་བའི་ཆོས་ཅན་སོ་སོ་རང་རིག་པའི་ཀློང་དུ་འུབ་ཆུབ་ཏེ།  རིག་པའི་ཡེ་ཤེས་ཀློང་གཅིག་ཏུ་གང་འདུལ་གྱི་ཕན་པའི་ཐབས་བདེ་ཆེན་ལྷུན་གྲུབ་གྱིས་རོལ་པའི་གྲོགས་སུ་ཤར།  དེ་ལྟར་ཡིན་དགོས་པའི་མོས་པ་བྱེད་མཁན་དཀོན་མཆོག་བཀྲ་ཤིས་ལ་ནོར་འཁྲུལ་ཡོད་ཚད་རྩ་གསུམ་གྱི་ལྷ་ཚོགས་སྤྱན་མདུན་གྱི་གཤགས་ཤིང་བཟོ་བཅོས་མ་བྱེད་པའི་དམ་དང་བཅས་པས་བཟོད་བསྩལ་ཞུ་བས་དགེ།་

Sunday, July 9, 2017

༈ འཕྲུལ་མོའི་ཐོགས་བབས

༈   །མཛེས་མ་རྫས་ལ་ཆགས་པའི་འཕྲུལ་ཞེན་གྱིས།  །རང་གིས་རང་མགོ་བསྐོར་བའི་ཁོར་མོ་ཡུག  །མིང་གཟུགས་འཕྲུལ་མའི་ཐོག་ཏུ་སྡུག་བསྔལ་བབས།   །རང་ངོ་ཌཱཀྐཱིའི་ཞལ་དུ་འཕྲོད་མེད་པར།  །ཞེན་འཛིན་གཟོན་གྱིས་འཁོར་བའི་སྡུག་ཆུས་གང་།  །སྙིང་རྗེའི་མིག་གིས་རྩིས་འཛིན་ཡིད་རེ་སྐྱོ།  །དྲན་ཤེས་བློ་ཡིས་རང་གཞན་སྲུངས་པའི་སླད་།  །སྔོན་ཕྱིའི་ཡངས་པའི་མངོན་པར་ཤེས་པ་ལྟར།  །རང་གཞན་དོན་དུ་རྟག་པར་གསོལ་འདེབས་རྒྱུན།   །གུ་རུ་རང་ཉིད་ཐུགས་ལ་བསམ་རྣོ་གཏོད་།  ཞེས་་་ 7/06/2017་་ ལ་རང་གྲོས་འདེབས་སུ་ཉིང་འཁྲུལ་གྱི་རྟོག་པའི་བབ་སོ་མ་བཅོས་འདིར་བོད་མི་མི་རློམ་པ་དཀོན་མཆོག་བཀྲ་ཤིས་ཀྱིས་ལྷུག་པར་བཞག་པའོ།  

Sunday, July 2, 2017

༈ །རང་བགྲོས་དགོངས་པ་བཞུགས།

།དུས་གཅིག་སྟེང་ན་དུས་བརྙེད་སངས་རྒྱས་ནི།
།དུས་གསུམ་དུས་མེད་རིག་པའི་སྐད་གཅིག་ལ།
།དུས་མེད་བཞི་པ་ཆེན་པོའི་ཡེ་ཤེས་འཆར།
།འདས་པའི་དྲན་ཤེས་འབོལ་ལེ་ཀློང་གཅིག་ལ།
།སྤང་བླང་མེད་པའི་རོ་གཅིག་ཚོགས་ཆེན་དེ་།
།ཡིད་བཞིན་འདོད་སྟེར་གུ་རུའི་དགོངས་པ་ཉིད་།
།གསོལ་འདེབས་དཀྱུས་སུ་རང་བཞིན་གང་འཆར་བ།
།གཉུག་མའི་བདེ་ཆེན་རོལ་པའི་རྒྱན་དང་གཅས།
།བཀའ་དྲིན་གསུམ་ལྡན་བརྒྱུད་པའི་གསེར་ཕྲེང་དང་།
།ཡུན་ནས་བསྒྲང་བའི་ཆོས་ཉིད་མཐུ་རྣམས་ལས།
།བསྐལ་ལྡན་བུ་ལ་ཁུག་པའི་བུ་རམ་བཞིན།
།བརྗོད་མེད་དོན་ལ་ལོང་བའི་ལྟད་མོར་འཇུག།

Tulku Pema Rigtsal