Saturday, October 28, 2017

༄། །ཀ་རྩོམ་རིག་པའི་རྒྱུ་ལ་ཁམས་རྒྱས་པ་བཞུགས།

།དཔལ་བསམ་ཡས་པའི་རིགས་ཁམས་རྒྱས་སར།
།འབྱོན་ད་ལྟ་མ་འོངས་དུས་གསུམ་གྱི།
།ངོ་བོ་གཅིག་བསྡུས་པའི་པདྨ་འབྱུང།
།སྙིང་རང་ངོར་ཕྱག་གིས་འདིར་འཚལ་ནས།

།ཀ་བ་བུམ་སོགས་རང་སྤྱིའི་ཕྱོགས་གང་ལ།
།ཁས་བླང་བྱ་བའི་ཆོས་དང་དེ་འབྲེལ་བའི།
།གང་དམིགས་ཤེས་བྱེད་རྟགས་རྣམས་བསྡུས་པ་ཡིས།
།ང་ཡི་དམ་བཅས་ཚུལ་གསུམ་ཀུན་ཏུ་ཚང་།
།ཅང་ཤེས་རང་རིག་གནས་ཚུལ་སྐད་གཅིག་གི
།ཆ་མེད་རིག་པའི་རང་དུས་གཉིས་སྣང་བྲལ།
།ཇ་ཚགས་གཉིས་འཛིན་རྟོག་པས་བཏགས་པ་བའི།
།ཉ་དང་ནུ་མ་གསུམ་དུ་བགྲངས་བཞིན་འཁྲུལ།
།ཏཱ་ལའི་ཁྱོན་ལ་རྦ་རླབས་བགྲངས་མེད་ཀུན།
།ད་ལྟའི་ཆུ་གཅིག་སྡོམས་ན་རྒྱ་མཚོར་ཞེས།
།ཐ་སྙད་
དགས་གཞི་ཆུ་གཅིག་སྐབས་སུ་ཕྱེད་།
།ནཱ་དའི་གདགས་གཞི་སྟོང་ཉིད་འགྱུར་མེད་བཞིན།
།པཱ་པཱའི་ཚུལ་བརྗོད་རང་ཉེས་སྐྱོན་མཚོན་བཞིན།
།ཕ་རོལ་ལས་ཀྱི་མི་བཅིངས་རང་གིས་ཟིན།
།རྦ་རླབས་མིན་པའི་ཡེ་ཡོད་རྒྱ་མཚོའི་ཆུ།
།མ་བྱས་རང་བྱུང་ཡན་གྱི་རླབས་ལྟར་ཕྱུངས།
།རྩྭ་ཟའི་སོ་གཉིས་སྟེང་འོག་ཐུག་བཞིན་ཟ།
།ཚ་དྲོད་ཞུ་བྱེད་བྲོ་ཁོག་ཟ་མར་བསྡུས།
།ཛ་གཅིག་སྟེང་ལ་སྣ་ཚོགས་ཡི་གེར་བཀོད་།
།ཝ་མོའི་མིག་གཅིག་མིག་སྨན་མཐུ་ཆེན་བསྒྱུར།
།ཞ་བོ་རྐང་གཅིག་རྐང་གཉིས་འདུ་ཤེས་ཀྱང་།
།ཟ་མ་གཅིག་གིས་འཚོ་ལ་ཆོག་མི་ཤེས།
།འ་ཆུང་གཅིག་གིས་ཨ་ཞབས་བཏགས་མ་གཏོགས།
།ཡ་རུ་ཨ་ཨ་གཉིས་བརྗོད་ཨཱ་རིང་མིན།
།རྭ་གཉིས་ཐ་སྙད་ལུག་མགོ་གཅིག་གིས་འཕོ།
།ལ་གཅིག་རྒྱབ་པས་སྔ་ཕྱིའི་ལུང་གཉིས་མཐོང་།
།ཤ་གཅིག་རུལ་བས་བུ་སྲིན་སྣ་ཚོགས་འཕྲུལ།
།ས་གཅིག་སངས་རྒྱས་བསྐོར་བཅས་མཉམ་དུ་བཞུགས།
།ཧ་ཧ་སྐད་གཉིས་གད་མོ་གཅིག་ཏུ་ཤོར།
།ཨ་ཧོ་རང་རིག་ཡེ་ཤེས་ཐིག་ལེ་གཅིག།
།ཀྵ་ཎ་གཅིག་གིས་རྫོགས་སངས་རྒྱས་ལ་གདུད་།
།ཨེ་ཝཾ་བདག་གིས་ཕུལ་འདི་དགེ་འགྱུར་གཅིག    །།

Thursday, October 26, 2017

༄༅། །བསྐལ་པ་བཟང་པོ་སྒྲུབ་པའི་ཐབས་བཞུགས་སོ།།

༈    །སྙིང་པོའི་གནས་ལུགས་འོད་ཀྱིས་ཁྱབ་པའི་ཀློང་།    །བསྐལ་བཟང་ཕུན་སུམ་ཚོགས་པའི་གསེར་རགས་ཅན།    །ཤཱ་ཀྱའི་དྲང་སྲོང་ཆེན་པོ་ཉི་མའི་གཉེན།    །འགྲན་མེད་བཅོམ་ལྡན་ཐུབ་བ་ཆེན་པོ་ཁྱེན།    །རྣམ་གཉིས་སྐུ་གཟུགས་མཚན་དཔེའི་རྫོགས་པའི་ཞལ།    །རྐང་མཆོག་གཉིས་ཀྱིས་རྡོ་རྗེའི་ལྡན་དུ་སྐྱིལ།    །ཆོས་གོས་སྡོམ་གསུམ་རྒྱན་དུ་ལྷུང་བཟེད་ནོམ།    །ཕྱག་ཡས་ས་གཞིའི་ལྷ་མོར་དཔང་དུ་ཚུགས།    །ཨཱུརྞཱའི་ཐིག་ལེར་སངས་རྒྱས་སྟོང་དང་བཞི།    །རྒྱལ་ཚབ་བྱམས་པ་གཙོ་བོའི་སྐོར་དུ་འཁྱིལ།    །འོད་ལྔའི་དྭངས་ཀྱི་འཕྲོ་བསྡུས་དུས་གསུམ་གྱིས།    །རྒྱལ་བ་ཐམས་ཅད་མཆོད་ཅིང་བྱིན་བསྡུས་ལས།    །སྙིགས་དུས་སྐྱབས་གཅིག་སྟོན་པ་བཅོམ་ལྡན་འགྱུར་་་བར་བསམ་བཞིན།    །ཏད་ཡཐཱ།    །ཨོཾ་མུནི་མུནི་མཧཱ་མུནཡེ་སྭཱཧཱ།   ལས་བཞིའི་གང་མོས་དང་།    །བསྟན་འགྲོར་རྒྱས་པའི་ལས་དམིགས་སུ་བཀར་བའི་དགོས་འདོད་ཀུན་བསྒྲུབ་པར་གསལ་བཏབ།    །བསྐལ་པ་བཟང་པོའི་མདོ་འདོན་པའི་སྐབས་སུ་བབས་ན་འདིར་སྦྱར།    །ཞི་རྒྱས་ཀྱི་ལས་སྦྱོར་་བཀྲ་བརྩེགས་དང་།    དབང་ངམ་བཟློག་པའི་ཆེད་དུ་ཤེར་སྙིང་དང་མདོ་བསྡུས་སོགས་འདིར་སྣོན།    མཐུན་མཐར་དབྱངས་གསལ་ཡིག་བརྒྱ་དང་རྟེན་སྙིང་གི་ཆད་ལྷག་འདག་པར་བྱས་ནས།    །དགེ་བ་འདི་ཡིས་བདག་དང་སྔོན་འབྲེལ་རྣམས།    །བཅོམ་ལྡན་འདས་ཀྱི་སར་བཀོད་དག་པའི་ཞིང།    །བསྐལ་པ་བཟང་པའི་སྟོན་བསྐོར་དུ་སྤྲུལ་ནས།    །མཁའ་མཉམ་འགྲོ་བའི་མཐར་ཐུག་དོན་བསྒྲུབ་ཤོག    ཞེས་་མདོ་འདོན་པའི་སྐབས་སུ་བཟང་སྤྱོད་སྨོན་ལམ་དང་རྒྱས་པར་བསྔོ་སྨོན་བཀྲ་ཤིས་ཞབས་བརྟན་སོགས་གང་མོས་སྦྱར་བར་བྱའོ།    ཞེས་གུ་རུར་གསོལ་འདེབས་གྲངས་ཅུང་ཟད་ཐུབ་པའི་ཞོར་ལ།    །སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་སློབ་བསྐོར་དགྲ་བཅོམ་མའི་རྣམ་ཐར་མཇལ་བའི་རིང་ལ་འདི་ལྟར་གསོལ་བ་བཏབ་པ་ལ་ལེགས་པའི་ཕན་ཡོན་ཤིན་ཏུ་ནས་ཡིད་ཆེས་པའི་བསམ་པ་བཟང་པོ་དང་ལྡན་པའི་དཀོན་མཆོག་མིང་པས་འབྲིས་པའི་དགེ་བ་ཕྱོགས་དུས་ཀུན་ཏུ་འབར་འགྱུར་ཅིག        །།    མངྒལཾ།།

Friday, October 20, 2017

zhabs brtan bzhugso/

༄།    །ན་མོ་པདྨཱ་ཀརཡེ།   
Namo Padmakaraye

།རྣམ་དག་ཕུན་སུམ་ཚོགས་པའི་གྲོང་ཁྱེར་དུ་།
།དུས་གསུམ་སངས་རྒྱས་སྐུ་གསུམ་ངོ་བོ་ཉིད་།
།ཨོ་རྒྱན་པདྨ་འབྱུང་གནས་རྗེས་སུ་དགོངས།
།བླ་མའི་སྐུ་ཚེས་བརྟན་པའི་བྱིན་རླབས་སྩོལ།

nam dag pun sum tsok pe drong kyer du
dus sum sang gye ku sum ngo bo nyi
or gyen pe ma jung ne je su gong
la me ku tse ten par jin lab tsöl


In the perfectly pure, sublime and complete city
The Three Times Buddha, essence of three kayas,
Orgyen Padmakara, please remember
Bestow your blessing that the Lama's life be stable.

།རབ་འབྱམས་རྒྱལ་བའི་མཁྱེན་རབ་ཐབས་ཤེས་ཟུང་།
།འཁོར་འདས་ཀུན་གྱི་ཚེ་བདག་སྐུའི་བདག་ཉིད་།
།རྗེ་བཙུན་འཇམ་དཔལ་བཟི་བྱིན་དཔལ་ལྡན་བཞིན།
།བླ་མའི་སྐུ་ཚེ་རྒྱས་པར་བྱིན་གྱིས་རློབས།


rab jam gyal we kyen rab tab she zung
kor de kun gyi tse dag kü dag nyi
je tsün jam pel zi jin pel dang den
la me ku tse gye par jin gyi lob

Union of infinite Victor's knowledge and methods
Master of life of all samsara and nirvana, embodied
Having the brilliance, energy and auspices of Venerable Manjushi,
Bless the Lama's life to increase.

།སངས་རྒྱས་དཀོན་མཆོག་ཆོས་མཛོད་སྲུང་བདག་མོ།
།སྟོན་དང་བསྟན་པའི་སྐུ་ཞབས་སྲོག་ཏུ་སྲུངས།
།ཚེ་འཕེལ་ཟླ་བའི་འོད་བསིལ་ནུས་ལྡན་བཞིན།
།བླ་མ་བསྐལ་བརྒྱར་བཞུགས་པའི་དཔལ་ནུས་སྩོལ།

sang gye kon chog chö dzö sung dag mo
tön dang ten pe ku shab sog tu sung
tse pel da we öd sil nü dang den
la ma kal gyar shug pe pel nü tsol


Mistress protectress of the Dharma treasury and Buddha-Gem
You protect the physical presence of the teacher and teachings as your own life.
As you have cool, life-increasing moonlight-power,
Please bestow the power and auspices for the Lamas to remain one hundred aeons.

།དེ་ལྟར་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས།
།སྲུངས་སྐྱོབས་ཚེ་འཕེལ་རྒྱས་པའི་ལས་བསྒྱུར་བཞིན།
།བླ་མའི་མཛད་ཕྲིན་ཕྱོགས་བཅུར་འཕེལ་བ་དང་།
སྐུ་ཚེའི་རྡོ་རྗེ་རྟག་པར་བརྟན་བཞུགས་གསོལ།།

de tar tsa sum pa wo kan drö tsog
sung kyob tse pel gye pe le gyur shing
la me dze trin chok chur pel wa dang
ku tse dor je tak par ten shug sol

Thus, with the assembly of warriors and khandros of the Three Roots
Enacting the work of guarding, protecting, and increasing and lengthening life,
May the Lamas' activity spread in the ten directions,
And their vajra lives continue always and stably, we pray.


།ཞེས་རང་དང་མཆེད་ལྕམ་རྡོ་རྗེ་བླ་མའི་གོ་འཕང་དུ་བཀོད་རྒྱུའི་གཤིས་དང།    །འགྲོ་བསྟན་གྱི་ཀླད་ཕན་བདེ་རྒྱ་ཆེན་པོ་་མྱུར་སྒྲུབ་དགོས་པའི་དུས་སུ་བསྐུལ་མ་ཐོབ་པའི་བརྟེན་དུ་བརྩོམ་པ་འདིའི་དོན་ཀུན་འགྲུབ་གྱུར་ཅིག

Thus, considering the establishment of myself and vajra sisters and brothers on the level of the Vajra Guru, and the need to swiftly accomplish great benefit and happiness for the sake beings and the teachings, may all the implications of this composition be accomplished.

Wednesday, October 18, 2017

༈ བྱ་བྲལ་སངས་རྒྱས་རྡོ་རྗེ་ལ་གསོལ་བ་འདེབས་ཐུགས་བསྐུལ་སྨོན་བཅས་བཞུགས།

།ཨ་ཏི་བླ་མེད་རྣལ་འབྱོར་བྱ་དང་བྲལ། །སངས་པའི་གཞི་ཐོག་ལྷུན་གྲུབ་ཡོན་ཀུན་རྒྱས། །ཀུན་བཟང་ཐུགས་ཀྱི་རྡོ་རྗེ་འཛིན་པ་མཆོག། །སངས་རྒྱས་རྡོ་རྗེ་རྩལ་ལ་གསོལ་བ་འདེབས། །སྤྲོས་མེད་དོན་གྱི་གནས་ལུགས་གསལ་སྟོན་མཛད་། །གདམས་པའི་བཅུད་གཏེར་བསྟན་པའི་ངག་དབང་བསྒྱུར། །འགྲོ་བའི་མུན་སེལ་བཟང་པོའི་ཆོས་མཆོག་མངའ། །ཀུན་བཟང་ཐུགས་ཀྱི་རང་ངོ་ཁྱོད་ལ་ཕྱག །རྟོགས་ཚད་གསང་གསུམ་རྒྱན་དུ་རྟགས་ངོམས་བཞིན། །བླ་མེད་བླ་མའི་བླ་མར་ཀུན་བཞེད་ཀྱང་། །ཉམས་ཆུང་བྱ་ཕལ་ལྷོད་པའི་བྲོ་གར་གྱིས། །འགྲོ་བསྟན་སྲོག་གི་སྐྱབས་མགོན་གོང་ན་མེད། །བླ་མ་མཁའ་འགྲོ་སྙིང་གི་དྭངས་མའི་བཅུད་། །བཀའ་གཏེར་བརྒྱུད་པའི་ངེས་ལྡན་གང་ཟག་ཆོས། །རྣམ་གཉིས་ཕུན་ཚོགས་འབྱུང་གནས་མངའ་བདག་དང། འདི་ཕྱིའི་བར་གསུམ་མི་འབྲལ་བྱིན་རླབས་སྩོལ། །ལྔ་བདོའི་སྣོད་བཅུད་ཉམས་པའི་ངན་དུས་ལ། །ལྟ་ཁས་མི་ཆོག་ལྔ་རྒྱན་འོད་གསལ་རྩེའི། །མྱུར་སླའི་བསྟན་མཆོག་མངོན་གཟིགས་གོ་སྐབས་ཕྱེད། །བླ་མའི་སྐུ་དྲིན་ལན་མཐའ་མེད་དོ་ཀྱེ། །སྙིགས་བདོའི་དུས་འདིར་ཁྱེད་ལས་སྐྱབས་གཞན་སུ། །དགོངས་ཤིག་རྡོ་རྗེའི་རྩལ་གྱི་དཔའ་བོ་ཁྱོད་། །མགོན་གཞན་མེད་དོ་བདག་ལ་བརྩེ་བས་གཟིགས །རང་གཞན་མྱུར་དུ་སྒྲོལ་བའི་གདེངས་ཤིག་སྩོལ། །ལྷུན་གྲུབ་སྣང་བཞིའི་མཐར་ཕྱིན་དབང་བཞི་བསྐུར། །འགྲོ་བསྟན་མངོན་པར་རྒྱས་པའི་ལྟས་མོ་སློངས། །བུ་འདིའི་རིགས་ཀྱི་བདག་པོར་རྟག་བཞུགས་ནས། །རང་དང་མཆེད་ལྕམ་ཚོམས་གཅིག་སངས་རྒྱས་པའི། །བླ་མའི་ཐུགས་དམ་བཞིན་དུ་སྒྲོལ་བཪ་ཤོག  །ཞེས་གྱི་ན་དཀོན་མཆོག་མིང་པས་སྙིང་ནས་སྨོན་བཞིན་གྲུབ་པར་འགྱུར་ཅིག།། སརྦ་མངྒལཾ་བྷཱཝཡེཏ།


Tuesday, October 17, 2017

༄། །རང་རིག་དོགས་བསེལ་གྱི་ཁོག་དབུབ་ཤེས་རབ་འོད་ཟེར་དྲྭ་བ་བཞུགས།།

འདིར་འཁོར་འདས་ཀུན་གྱི་གཞིའི་ཐོག་ཏུ་རིག་པའི་གདེངས་རང་ཉིད་ཀྱིས་ཐོབ་རྒྱུའི་ཆ་རྐྱེན་དུ་ཤེས་རབ་རང་བྱུང་གི་རྟགས་མ་ཡིན་ནམ་ཞེས་རང་གི་བླ་མར་གསོལ་བ་བཏབ་པའི་དཀྱུས་སུ་འབྱུང་བའི་རྗེས་སུ་དྲན་པ་འདི་ལྟར།  

ད་ལྟ་ཉིད་དུ་གཅིག་པུར་སྡོད་དགོས་པའི་དབེན་པའི་གང་ཟག་འདི་ནི་མི་རྟག།    ད་ལྟའི་ཤེས་པ་དེ་བཞིན་དུ་མི་རྟག་པ་ཡིན་པ་ལྟར།    དེའི་རྒྱུན་འབྲེལ་རང་རིག་ཟེར་བ་ནི།    དེ་འདྲའི་རྒྱུན་འབྲེལ་གྱི་ད་ལྟ་བའི་ཤེས་པ་རང་གིས་རང་རིག་པའི་གྲུབ་བྱེད་གཞན་མེད་ཚུལ་དུ་གནས་པ་ལས་མངོན་སུམ་གཞན་གྱིས་སྒྲུབ་བྱེད་་མེད་པ་སོགས་སུ་ཐལ་བ་ཡིན་ཞེས་སྨྲས་ཀྱང་།    ད་དུང་དེ་ལྟར་འདོད་དེ་།    མཆོག་གཉིས་དང་རྒྱན་དྲུག་དགོངས་གཅིག་སྐད་གཅིག་གིས་དེ་ལྟར་མངོན་པར་དམ་བཅས་པའི་ལུང་གི་ཕྲེང་བ་མ་གྲུབ་ཀྱང་།    འདིའི་དོན་ལ་ཕྱོགས་ཆོས་གཉིས་ཀྱིས་ཇི་ལྟར་ཁས་སླངས་པ་ལྟར་བཞེད་ན་ཆོག་ཆོག་ཡིན་ཞེས་བསམ་པའི་སྒོ་ནས་གོ་ཚུགས།    ཕྱོགས་ཆོས་གཉིས་འདིའི་སྐབས་སུ་གླང་པོ་ཞེས་དང་།    གྲགས་པ་ཞེས་པའི་སོ་སོའི་མཚན་དང་འབྲེལ་བས་བསྟན་པའི་བསྟན་བཅོས་ལས་རང་ལ་ངེས་ཤེས་འདྲ་བོ་བྱུང་།  

རང་མཚན་གྱི་ངོ་བོར་མ་གྲུབ་པའི་རྟེན་ནས་བཏགས་པའི་དུས་གསུམ་ཀུན་རྫོབ་ཀྱི་ཆོས་གང་ཡིན་པ་གློ་བུར་དུ་རྣམ་པར་བཞག་པའམ་དམིགས་པའི་དོན་སྤྱི་ཡོད་ཡོད་འདྲ་བའི་སེམས་འབྱུང་གི་ཆ་རྣམས་གཏན་ཚིགས་ཀྱི་ཚུལ་དུ་བཀོད་ཡོད་ཞེས་རྟོག་པས་རློམ་ཀྱང་།    དེར་བསྡུས་པའི་ཕྱོགས་དང་ཆོས་དང་མཐུན་མི་མཐུན་གྱི་རྟགས་སམ་དཔེའི་ཆ་རྣམས་གཏན་ཚིག་གི་བརྗོད་པའམ་ཡིག་རིས་སུའཇོག་པས་ད་ལྟར་ཡོད་པའི་རང་རིག་ལ་གནོད་པ་ཅི་ཚུགས།    རང་རིག་མངོན་སུམ་གྱིས་ཡིན་ན་བཞན་གྱིས་རྗེས་དཔག་གང་ལེགས་པའི་གཏན་ཚིགས་ཡང་དག་ལྟར་སྣང་བའི་བྱེ་བ་འབུམ་ཕྲག་གིས་ཀྱང་གང་ཡང་མི་གནོད་ཏེ།    དཔེར་ན་མོདྒལ་གྱི་བུ་ཡིས་བཅོམ་ལྡན་འདས་ཉན་ཡོད་་ཕྱོགས་སུ་བཞུགས་པའི་ཚུལ་་རྣལ་འབྱོར་མངོན་སུམ་གྱིས་ཅི་ལྟར་མཁྱེན་པ་ན།        མུ་སྟེགས་ཀྱིས་དེ་འདྲ་ཕྱོགས་འདིར་མེད་ཞེས་མི་དམིགས་པའི་རྟགས་བྱེ་བ་འབུམ་ཕྲག་ཨུ་ཚུགས་ཀྱིས་བཀོད་ཀྱང་དམ་བཅའ་ལ་མི་གནོད་།

རང་རིག་ཡོད་པ་ཙམ་གྱིས་ཕ་རོལ་པའི་མངོན་སུམ་དང་རྗེས་སུ་དཔོག་པའི་གཏན་ཚིགས་ཏུ་བཀོད་པའི་ཕྱོགས་ཆོས་སོགས་རང་སོ་སོའི་ཤེས་བྱེད་དུའང་བཀོད་པ་ཙམ་མ་གཏོགས།    རང་རིག་གམ་རྣལ་འབྱོར་མངོན་སུམ་སྔོན་ཡོད་དུ་ངེས་པའི་ཚད་ལ་ད་གཟོད་ཡོད་པར་ངེས་པའི་གདེངས་སུ་འཇོག་པ་ནི་རང་རིག་གི་གཞིར་པར་དགོས་ལ།    རང་རིག་ཡོད་དམ་མེད་ནའང་ཆོག།    དེ་ལ་འགོག་པའི་རིགས་པའང་དོན་ལ་ཐུག་མེད་དུ་ཐལ།    འོ་ན་དེས་དེ་འདྲ་ཐུག་ཡོད་ཞེ་ན།        མ་ཡིན་ཏེ་ཐུག་མེད་དང་དོན་མེད་དུ་ཐལ་བ་འདིར་ཅུང་ཟད་གཤད་པར་བྱ།        རང་རིག་འགོག་ཟེར་བའི་་རིགས་པ་ནི།    རང་ཕྱོགས་སྔ་བའི་དམ་བཅའ་འགོག་མཁན་གྱི
་སེལ་བྱའི་དོན་གྱི་གཞིའམ།   ངོ་བོར་རྟོག་པའི་བཏགས་པ་བའི་ལྡོག་པ་རྟགས་སུ་རློམས་ནས་དེ་དེའི་ངོ་བོ་མ་ཡིན་པ་ཙམ་གྱིས་གཞིའི་ངོ་བོར་དེ་ག་རང་མེད་པའི་སྒྲུབ་བྱེད་དུ་ཨུ་ཚུགས་རྒྱག་ནས་ཁྱབ་པ་སྒྲུབ་ཞེས་ཟེར་བ་ལྟར་ན།    འདི་སྐབས་སུ་རང་རིག་གི་གཞིར་མཚོན་ཏེ།    རང་རིག་བཏགས་པ་བ་ཟེར་བའི་གཞིའི་ངོ་བོའི་ལྡོག་པའི་རིག་པ་སྐད་ཅིག་ཏུ་རྣམ་པར་འཇོག་ཏེ།    

དེ་ལྟར་སྐད་ཅིག་པ་་ཡིན་པའི་རྒྱུ་མཚན་ལས་དེའི་གཞི་སམ་གནས་ལུགས་ལ་རང་རིག་པ་མེད་པར་ཁྱབ་་པར་ཐལ་ཟེར་བའི་དོན་དུ་གོ་བ་བླངས།    རང་ཕྱོགས་སུ་རང་རིག་ཟེར་བ་དང་ཡེ་ཤེས་གདོད་མའི་གནས་ལུགས་ངོ་བོ་གཅིག་ཏུ་སྒྲུབ་མི་ཤེས་ན་སངས་རྒྱས་རང་གིས་རང་ཚོད་ཟིན་ཐུག་མེད་པ་དང་དང་ད་གཟོད་རྟོགས་པའི་དོན་ཡང་སྐྱར་དུ་ངེས་དགོས་པའི་ཐལ་བའི་སྐྱོན་མང་བབས་པར་ངེས།


འོ་ན་ཁྱེད་ཀྱིས་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་རང་རིག་རང་མཚན་དུ་འཛིན་པའི་བསྔལ་བ་སེལ་བའི་ཕྱིར་དུ་དོན་ཡོད་ཟེར་ན།       
ང་རིག་ཡོད་ན་སངས་རྒྱས་ལའང་ཡོད་།        རང་སོ་སོའི་འདུག་་ཚུལ་ཡིན་པར་ཤེས་པའི་སེམས་ཅན་གྱི་གཞི་མེད་ན་འབྲས་བུ་སངས་རྒྱས་མི་འབྱུང་བའི་ཕྱིར།        མ་ཁྱབ་ཟེར་ན།    སངས་འཕགས་ཆོས་ཅན།    གཟུགས་མེད་ཚོར་བ་མེད་སོགས་མཁྱེན་པའི་ཡུལ་ཅན་ཡིན་པར་ཐལ།    ཇི་ལྟར་མཁྱེན་པའི་ཡེ་ཤེས་སྟོབས་ཀྱི་ཕྱིར་།    འདོད་ན།    སངས་རྒྱས་རང་རིག་ཡིན་པར་ཐལ།    དེས་དེ་ཇི་ལྟར་སོ་སོ་རང་གིས་མཁྱེན་པ་ལས་གཞན་གྱིས་མ་ཡིན་པའི་ཕྱིར།    མ་ཁྱབ་ཟེར་ན།    ཁྱེད་སངས་རྒྱས་ཡིན་དུ་ཐལ་བའི་ཆོས་ཅན།        ཁྱེད་སངས་རྒྱས་དེའི་ཡུལ་ཅན་གཞན་རིག་མངོན་སུམ་ཡིན་པར་ཐལ།    སངས་རྒྱས་ལས་གཞན་པའི་སངས་རྒྱས་ཀྱིས་་ཇི་ལྟར་མཁྱེན་པའཻ་མཁྱེན་ཚུལ་དཔོག་པའི་ཕྱིར་དུ་དེ་ལྟར་སྒྲུབ་བྱེད་ཀྱི་རྟགས་མངོན་སུམ་དུ་ཁས་བླངས་དགོས་པའི་ཕྱིར།    ཁྱེད་རང་རིག་ཏུའང་གྲུབ་པ་ཡིན་པར་ཐལ།        སངས་རྒྱས་ཇི་ལྟ་བའི་ཡེ་ཤེས་ཡུལ་ཅན་དང་ཡུལ་གྱི་ཟུང་འཇུག་གི་ངོ་བོར་གནས་པའི་ཆོས་དབྱིངས་འདུས་མ་བྱས་པ་ལས་ལོག་ཏུ་བཟུང་བའི་ཤེས་བྱེད་རྟགས་སམ་གཞན་རིག་གི་ཤེས་པ་མེད་པའི་ཕྱིར།

        རྒྱུ་མཚན་དེ་ནི་རང་གི་ད་ལྟའི་ཤེས་པ་དང་བདག་ཅིག་གི་འབྲེལ་བ་མེད་ན་གཞན་ཡིན་དགོས་སྟེ།    རང་གིས་རང་གིར་རམ།    ཇི་ལྟར་མཁྱེན་པའི་ཚུལ་ནི་སངས་རྒྱས་ས་ལ་དུས་གསུམ་གྱི་ཇི་ལྟར་ཇི་སྙེད་ཀྱི་ཚུལ་ཀུན་བསྡུས་པའི་ངོ་བོའམ་རོ་གཅིག་ཏུ་འགྱུརཔའི་སོ་སོ་རང་རིག་པའི་ཡེ་ཤེས་མིན་ན།    དེ་ལས་གཞན་རིག་ཡེ་ཤེས་ཡིན་དགོས་པའི་ཕྱིར།    སངས་རྒྱས་རང་གིས་རང་ལ་རང་བཞིན་གྱིས་དེ་ལྟར་ཡིན་པར་ངོ་མཁྱེན་ནམ་རང་རིག་པ་མི་རིགས་ན།        གཞན་གྱི་རིག་ངོ་ཁོ་ནར་སངས་རྒྱས་ཇི་ལྟར་ཡིན་ཚུལ་བཞིན་དུ་མཁྱེན་པར་ཐལ།   


ཧ་ཧ།    འདོད་ན་ཁྱེད་སངས་རྒྱས་ལས་ལྷག་པའི་སར་གནས་པའི་གང་ཟག་ཡིན་པར་ཐལ།    ཁྱེད་ལས་གཞན་དུ་སངས་རྒྱས་ཀྱི་་ངོར་ད་དུང་ད་ལྟར་རང་ཉིད་སངས་རྒྱས་ཡིན་པར་རང་ངོ་མཁྱེན་པའི་རིག་པ་མེད་པའི་ཕྱིར།    ཇི་ལྟར་དང་ཇི་སྙེད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་གཅིག་ཐོག་ཏུ་ལྡོག་པ་ཐ་དད་སུ་མ་འགྱུར་ན་ངོ་བོ་གཅིག་དང་ལྡོག་པ་ཐ་དད་ཀྱི་བདེན་གཉིས་རྣམ་བཞག་ཀུན་ལ་སངས་རྒྱས་རང་ཉིད་རྨོངས་པར་འགྱུར་བར་ཐལ།    དེ་ལྟར་ཡིན་དགོས་པའི་འབྲེལ་བ་ནི་གནས་སྣང་མཐུན་མི་མཐུན་གྱིས་དབྱེ་བའི་བདེན་གཉིས་རྣམ་བཞག་དང་།    ཚུར་མཐོང་དང་དག་གཟིགས་ཐ་སྙད་དཔྱོད་པའི་ཚད་མའི་དབྱེ་བ་དང།    །མེད་དགག་དང་སྤྲོས་བྲལ་གྱི་དོན་གཙོར་བྱས་པའི་རྣམ་གྲངས་དང་།    རྣམ་གྲངས་མ་ཡིན་པའི་དོན་དམ་དཔྱོད་པའི་ཚད་མའི་ཚུལ་བཞིན་དུ་བརྟགས་སྟེ་མཁྱེན་པར་པར་བརྩལ་དགོས་བསམ།

ཚད་མའི་གོང་མ་མེས་དབོན་རྣམ་པ་གཉིས་ཀྱིས་མངོན་སུམ་ལྟར་བཞེད་པའི་དོན་ཡང་རང་གིས་མངོན་པར་ཡིད་ཆེས་པའི་དོན་ལྟར་ཁས་བླང་ཡོད་།    འདི་ལྟར་སོན་དང་རིག་པ་ཡེ་ཤེས་དང་འབྲེལ་བ་ཞིག་མཁྱེན་པར་ཞུ་ཞེས་རྩོམ་པ་པོ་རང་གི་ཡེ་ཞེས་པའི་ཤེས་ལྷ་ཡིས་རང་ལ་བསྐུལ་མ་བལྟར་བྱེད་ནས།    གོ་སྐབས་ཤུགས་ཀྱིས་བརྩམ་པར་དམ་བཅས་པའི་བརྗོད་པ་སྨྲོས་ཅི་དགོས།    རང་རིག་ཡོད་ན་འཁོར་འདས་ཀུན་གྱི་གཞི་ཡང་ཡོད་པའི་གོ་ཆོད་།    རང་ངོ་མ་རིག་པའི་ཤེས་སྒྲིབ་རྣམ་ཤེས་བདུན་པོའི་རྐྱེན་ཐོག་ཏུ་བསགས་པའི་གོ་ཆོད་པ་དང་།    རང་རིག་རང་ངོ་ཤེས་པའི་སྒྲིབ་པ་དག་བྱེད་ཀྱི་ནུས་པ་དང་ལྡན་པའི་འཐད་པ་ནི།    རང་རིག་ཐོག་ཏུ་བབས་པའི་བསམ་གཏན་ཐབས་ཀྱིས་ཟིན་པའི་རྣལ་འབྱོར་མངོན་སུམ་ཚད་ལྡན་གྱི་སར་གནས་བྱང་འཕགས་ཀྱི་རྟོགས་པ་བརྗོད་པའི་ལུང་ལྟར་གཞལ་ན།    རང་ངོ་ཤེས་པའི་སྐད་ཅིག་ཅིག་གིས་རྫོགས་སངས་རྒྱས་ཞེས་གསུངས་པའི་དོན་མཐུན་གྱི་ཆོས་ཉིད་མི་འགྱུར་བའི་རང་བྱུང་ངམ་རང་རིག་པའི་ཡེ་ཤེས་དང་གཉུག་སེམས་འོད་གསལ་ལ་སོགས་པའི་རྣམ་གྲངས་ཀྱི་ཚུལ་དུ་མངོན་པར་བརྗོད་པའི་ལུང་བསྟོད་ཚོགས་དང་གསུང་གུར་དང་གསར་རྙིང་གི་རྒྱུད་ཕྱོགས་ཀུན་ནས་དྲང་འོས་པ་རེད།    ཡིན་ནའང་དེ་ཚོ་ཚིག་གི་སྒྲ་ཇི་བཞིན་དུ་ང་རང་གི་དྲན་པ་ཡེ་སྦྱངས་མེད་པ་ལ་ཉམས་གསོ་ཡོངས་མི་ཐུབ་པས་འགྲེལ་བཤད་པདྨ་དཀར་པོ་ནང་དུ་དེ་འདྲའི་ལུང་ཁུངས་མ་སོགས་མཇལ་རོགས་ཞུ།  

Tuesday, October 10, 2017

༈ ཀུ་ས་ལིའི་གདུང་འབོད་ཚོགས་གླུ་ལྟར་བཀོད་པ་བཞུགས།།


Tuesday, October 10, 2017


།མགོན་པོ་དྲིན་ཆེན་བརྒྱུད་པའི་གཙོ།    །ཁྱེད་ལས་སྐྱབས་དང་རེ་ས་ཅི།    །ཁྱེད་ཀྱི་ཐུགས་དམ་རང་གྲོལ་ཆེའི།    །ད་ལྟ་ཉིད་ཀྱི་རང་ངོར་འཕྲོད་།    །མཁྱེན་ནོ་བླ་མ་དེ་བཞིན་གཤེགས།    །ཤེར་ཕྱིན་གློང་དུ་མཇལ་ནས་ཀྱང་།    །ད་ལྟ་ཉིད་ཀྱི་གཏེར་སྒོ་ཕྱེད་།    །རང་སེམས་མཁའ་འགྲོ་འཕྲོད་དུ་གསོལ།    །ཀྱེ་བླ་མ་གུ་རུའི་ཞལ་འབྱུང་དངོས།    །རྗེ་བཙུན་འཇམ་དཔལ་སྒྲོལ་མའི་སྐུ།    །དཔེ་ཚབ་བྱིན་ཆེན་ལག་ཏུ་འཕྲོད་།    །གུ་རུའི་བརྗེད་རྡོ་མྱུར་མཇལ་ཤོག    །མཁྱེན་ནོ་རྩ་བ་བརྒྱུད་པའི་ལྷ།    །མྱ་ངན་མི་འདའ་སྐུར་བཞེངས་ཤིག    །བདག་སོགས་སྙིགས་མའི་སྐྱེ་འགྲོའི་ངོར།    །ད་ལྟ་ཉིད་དུ་འབྱོན་དང་བཞུགས།    །མོས་བུ་སྤྱི་བོའི་གདན་ཡངས་པར།    །མཆེད་ལྕམ་དཔའ་བོ་མཁའ་འགྲོའི་གཙོས།    །ཐུགས་དགྱེས་རོལ་པའི་ཚོགས་དང་བཅས།    །ལྷུན་གྲུབ་ཕུན་ཚོགས་ལྔའི་མཆོད་རྫས།    །ཐུགས་ཡིད་རོ་གཅིག་བསྲེ་བའི་པའི་རྒྱན།    །རྒྱས་པར་བཞེས་དང་ཐུགས་དམ་བསྐང་།    །བསྐོར་སྲུང་མཁའ་འགྲོ་དགྱེས་ནས་ཀྱང་།    །ཉམས་ཆག་ཀུན་གསོ་ཕྲིན་ལས་བསྒྲུབ།    །ག་ཎ་ཙ་ཀྲའི་སྙིང་གི་བཅུད་།    །གདུངས་པའི་ཡིད་ཅན་འདི་ལ་སྩོལ།    །རིན་ཆེན་ཕོ་དྲང་རྟེན་འདི་རུ།    །དབྱེར་མེད་བྱང་ཆུབ་བར་བརྟན་བཞུགས།    །ལྷག་མའི་ཕུང་ལྔ་འགྲོ་ལ་གཏོང།    །ཀུན་བཟང་རང་ངོ་སད་ཕྱིར་བསྔོ།    །འཇའ་འོད་འབྲེལ་བའི་བཀྲ་ཤིས་སྨོན།    །ཚིགས་སུ་བཀོད་དགེ་་་འདིར་སྤྱོད་ཕན་བདེ་་་་མཁའ་མཉམ་ཤོག  ཞེས་འདས་དང་ད་ལྟར་དངོས་བཞུགས་སྐྱེ་ཆེན་སྐུ་དྲིན་ཡུན་ནས་དྲན་པ་དང་།    ཚིགས་བདུན་སྔ་དྲོར་གྲངས་པའི་གོམས་གཤིས་ཀྱིས་མཐུས་ཡིན་བསམ་པའི་རང་ཡིད་སྐྱོ་བའི་གདུང་སེལ་ཀླད་དུ་འདི་ལྟར་བཀོད་་པའི་དགེ་མཚན་ནི་གད་མོ་ཤིན་ཏུ་མང་པོ་ཤོར་བའི་ཞོར་དུ་དེ་ཚོ་ཡང་སྐྱར་དྲན་པ་དང་གད་མོ་ཡང་སྐྱར་ཤོར་བའི་ཤིན་ཏུ་ཡིད་རངས་པའམ་སྨྱོན་པའི་སྐད་ཆ་སློང་བ་ལྟ་བུ་ཡིན་པ་དང་།    བཟའ་སྐོར་བཞི་ཙམ་གྱི་རྗེས་སུ་ཡང་སྐྱར་གཅིག་སྙིང་ནས་འདོན་པ་དང་གད་མོ་ངོ་མཚར་ཐོལ་འབྱུང་སྐད་འཆོར་མང་པོའི་ཆུ་ཚོད་ཕྱེད་ཙམ་འོག་ཏུ།    ཁྲོམ་ལ་གཏད་མེད་པར་སྒྱུ་བ་བཞིན་དུ་རྗེ་བཙུན་འཇམ་དཔལ་སྒྲོལ་མའི་སྐུ་ཚབ་སྔོན་དུ་མ་མཐོང་བ་ལྟ་བུ་ཞིག་ལྟེ་དབང་གིས་མཇལ།    ཕོ་བཞིན་གུརུའི་རྣམ་འགྱུར་ཆགས་ཞིང་ཁྲོ་བ་རིགས་ལྔའི་ཅོད་པན་རྒྱལ་པོའི་ཚུལ་གྱིས་དབུར་རྒྱན་པ་དང་།    སྐུ་གཅེར་བུ་ཞབས་གཡས་སྐྱངས་པའི་རོལ་སྟབས་ཀྱི་པང་དུ་མཚན་གཉིས་འཁྲིགས་བདེར་བཞུགས་པའི་་སྦྱོར་ཡུམ་ནི།      ཤིན་ཏུ་ནས་ལེགས་པའི་ཞལ་རས་་ཞི་བ་སྣ་རིང་བ་ཞབས་གཡས་ཕོ་ལ་འཁྱུད་པ་དང་གཡོན་གཞེངས་སྟབས་སུ་འགྲོ་བའི་ཆགས་པ་ཆེན་པོའི་སྡུག་སྟངས་ཁྱད་མཚར་ཞིག།      མོས་ཕོ་དང་ཕྱེད་དཀྱིལ་གྱི་ཚུལ་དུ་མཉམ་པར་སྦྱོར་བ་ཐོད་པ་དང་གྲི་གུག་འཛིན་པ་དེ་༢༠༡༧་ཟླ་༩་ཚེས་༢༣་ལ་གོང་ཁེ་ཉུང་ལ་ཉོ་ཐུབ།    འདི་མདོ་མཁྱེན་ཡེ་རྡོར་གྱི་དགོངས་གཏེར་འཇམ་རྡོར་དང་གཅིག་པ་་འདྲ་བོ་ཡིན་ཟེར་སྐད་ཐོན་པོས་ཚོང་ཁང་གི་བདག་པོར་སླབ་ན་ཡང་།    ཁོང་དིལ་མགོ་མཁྱེན་རྩེ་གོང་མ་ལས་མཁྱེན་རྩེ་གཞན་སྔོན་མ་ཤེས་པས་ཧ་གོ་མ་བྱུང་།    །འདི་འདྲའི་ལོ་རྒྱུས་ཙམ་པོ་བ་ལས་དོན་གྱི་གནས་ཚུལ་དང་གསར་འགྱུར་རྩ་ཆེ་མང་ཡང་།    མཆོག་གསུམ་རྩ་གསུམ་གྱི་བཀའ་དྲིན་བྱུང་བ་འདི་འདྲའི་མཐུས་འོ་སྐོལ་ཕྱུག་པོ་ཆགས་སོང་ཞེས་པའི་འདུ་ཤེས་སྐྱེད་རྒྱུར་བྱེད་ནས་རབ་ཏུ་དགའ་བར་བྱུང་ནས་ཐུགས་རྗེ་ཆེ་ཞེས་སྙིང་ནས་ཡང་ནས་ཡང་དུ་ཕུལ་དགོས་བསམ་པའི་སྐད་དོད་འདི་ཡིན་པ་ལགས་སོ།    །ཤུབྷཱཀར་བྷཱཝ་ཡེཏ།