Saturday, November 4, 2017

།མ་ཡུམ་འཇམ་དཔལ་ངང་ཉིད་བཞུགས།།

༈    །མ་བྱས་ལྷུན་གྲུབ་ཡངས་པའི་ཡུམ་གྱི་མཁར།    །གླིང་ཕྲན་དབེན་པའི་རྣམ་དག་ས་གཞིའི་ཐང་།    །བླ་མ་རྩ་བ་གསུམ་དྲན་བྱིས་པ་ནི།    །གཅིག་ཏུ་ལུས་པའི་འདུ་ཤེས་ཡིད་རེ་སྐྱོ།    །གཅེས་པའི་མཆེད་ལྕམ་ཡུན་དང་མ་འགྲོགས་བཞིན།    །མཚུུངས་མེད་སྐྱབས་མགོན་ཞིང་དུ་ཕེབས་ཤུལ་འདིར།    །ཅི་ཡང་མི་ཤེས་རྟོག་པའི་ལྡོམ་བུ་པ།    །རང་ལས་སྐྱབས་གཞན་མེད་ན་འོ་རེ་བརྒྱལ།    །བཀའ་དྲིན་མཚུངས་མེད་བླ་མ་རྣམས་ལ་དྲན།    །དངོས་གྲུབ་གཏེར་ཆེན་ཡི་དམ་ཚོགས་རྣམས་དྲན།    །ཕྲིན་ལས་དམ་ཚིག་མཆོག་སྲུང་མཁའ་འགྲོ་མ།    །མོས་གདུངས་འབོད་པའི་བུ་ལ་ཡིད་བདེ་སྩོལ།    །གཅིག་ཏུ་དབེནཔའི་དོན་གྱི་དམ་པའི་གནས།    །རྣམ་ཀུན་ལྡན་ཉིད་རྟོགས་པའི་རྒྱུར་བྱེད་ན།    །སྙིང་རྗེ་ཆེན་པོའི་འཆར་གཞིའི་འགགས་མེད་གདངས།    །དངོས་འདོད་ཀུན་གྲུབ་སྟེར་བའི་ལྷ་མོར་འགྱུར།    །དེའི་ཕྱིར་སེམས་མ་སྐྱོ་ཤིག་རིགས་ཀྱི་བུ།    །མ་སྲིང་ལྕམ་ཚོགས་ཁྱེད་ལ་རྗེས་བཟུང་བཞིན།    །ཐར་པའི་ལམ་དུ་གཞན་ལ་སྐྱབས་མཛོད་ཅིག    །རང་ལས་གཅེས་འཛིན་དམ་བཅས་གཏན་སྲིད་སྲུངས།    །མ་ཡུམ་འཇམ་དཔལ་ངང་ཉིད་འགྲུབ་པར་འགྱུར།    །ཞེས་རང་ཡིད་སྐྱོ་བསེལ་བའི་ཀླད་ཡེ་ཤེས་མ་ཡི་སྐད་ཡིན་པའི་ཚིག་རྐང་འཕགས་མ་ཉི་ཤུ་གཅིག་མཚོན་པའི་གྲངས་ལྡན་འདིའི་མོས་པའི་ངང་དུ་གང་རྟོག་བྲིས་པ་ལ་ཡིད་རངས་པར་འགྱུར་རོ།    མེ་བྱའི་ཟླ་བ་༩་པའི་ཚེས་པ་༡༥་ལའོ།

No comments:

Post a Comment