Monday, September 18, 2017

།།སྒྲོ་གླེང་འཕགས་ངོའི་འབག་འབོག་མ་བཞུགས།།

།སུ་ཡང་མ་བྱས་ཆོས་ཀུན་མཉམ་པའི་དབྱིངས།
།གང་ཡང་མ་བྱེད་མེད་པའི་འཁོར་འདས་གཞིའི།
།རང་གཞན་འགལ་བསྡུས་གཅོད་པའི་ཤེས་རབ་དབལ།
།ཐུགས་རྗེ་ཐབས་དང་བྲེལ་ན་རྣམ་སྣང་མཛད་།

།མདོ་སྔགས་ཟུང་འཇུག་ཀུན་བཟང་སྤྱོད་པའི་སྲས།
།དབྱིངས་རིག་ཟུང་འཇུག་ཀུན་བཟང་ཕ་མེས་ནོར།
།དོན་གཉིས་ཟུང་འཇུག་ཡིད་བཞིན་སྐྱེ་མཆོག་འགྱུར།
།རེ་དོགས་མནན་པའི་དཔའ་བོ་འདི་ལྟར་རམ།

།སུ་དང་འཕྲད་ཀྱང་མ་སྲིང་མཆེད་པོ་རྣམས།
།རང་དང་མཉམ་པའི་མ་རྒན་སེམས་ཅན་རེའི།
།སྲིད་གསུམ་མ་སྟོང་བར་དུ་བྱམས་སྙིང་རྗེས།
།ནམ་ཡང་མི་འདོར་དམ་བཅས་ལྷུག་པར་སྡོད།

།སོ་སོའི་སྐྱེ་བོས་བཏགས་པའི་གང་ཟག་རེ།
།སྒྲིབ་གཉིས་གང་བའི་སྒོ་གསུམ་སྡུག་གསུམ་གྱིས།
།སྲིད་གསུམ་གནས་སུ་ཟག་པའི་ཁམས་གསུམ་ཡང།
།དུས་གསུམ་བར་མེད་ཆུ་བོ་བཞི་ཡིས་ཁྱེར།

།བདག་གཅིག་འབྲེལ་བའི་ལམ་དང་དེའི་གང་ཟག
།ཚོགས་གཉིས་སྦྱང་བྱའི་སྒོ་གསུམ་འདག་གཞིར་བྱེད།
།གསང་གསུམ་སྙིང་པོའི་ཡོན་ཏན་འགའ་མཐོང་གི
།སྐྱོན་ཡོན་གང་བའི་ཟག་འབྲས་དེ་དེར་བཏགས།

།བསྒོམ་བྱའི་ཐ་སྙད་ཀུན་བྲལ་སྒྲིབ་གཉིས་སངས།
།སྒྲུབ་བྱའི་ཆོས་ཡོན་ཀུན་ལ་དབང་ཞིང་རྒྱས།
།སྐུ་གཉིས་ཟུང་འཇུག་འགྲན་ཟླ་ཀུན་དང་བྲལ།
།ཉི་མའི་གཉེན་མཆོག་འཕགས་པའི་གང་ཟག་ཉིད།

།དེ་ལྟར་མ་དག་འདག་པར་བྱེད་མཁན་དང།
།ཤིན་ཏུ་དག་པའི་གང་ཟག་བཏགས་པ་བའི།
།སྐབས་སུ་དང་པོ་གཉིས་ལ་འཕགས་པར་བཞེད།
།མཐའ་མ་གདོད་མའི་གཞི་ལས་འཕགས་པར་གསུངས།

།ཐེག་གསུམ་འཕགས་པའམ་རིགས་སུ་རྣམ་བཞག་པའི།
།གཞིའི་ངོ་བོའི་གནས་འགྱུར་ལུགས་བྱུང་དང།
།ལྡོག་པའི་རྟེན་འབྲེལ་ཀུན་གྱི་གཞི་གང་གི།
།རིག་འཛིན་དེ་དེའི་འཕགས་རིགས་ཁུངས་སུ་བརྗོད།

།གང་ལྟར་སྐབས་གསུམ་གཞི་ལམ་འབྲས་བུའི་ཚིག།
།ལག་མཐིལ་སོར་མོའི་
ཤློཀའི་གྲངས་མཚོན་པའིཚུལ་ཡིག་འདིས་གཅོད་པའི།
།གཟུང་དོན་བཟང་ངན་གང་ཡང་ཤེས་བྱེད་ན།
།དེ་འདྲ་ནམ་དུ་གཟིགས་པའི་ཚུར་གླེང་ཞུ།

།འདིར་མཆིས་དགེ་བའང་འགྲོ་ལ་རབ་བསྔོ་དང།
།ཅི་མཆི་སྐྱོན་ཀུན་བཛྲ་སཏྟྭར་གཤགས།
།ས་མ་ཡས་འདག་འགྱུར་བགྱིས་དམ་པར་བཅས།
།རྩ་གསུམ་ལྷ་ཚོགས་མ་འཁོན་སྲུངས་ཞེས་གསོལ།

No comments:

Post a Comment