Wednesday, May 2, 2018

༈ །བླ་མ་ཁྱེད་དགུ་མ་བཞུགས་སོ།


།ན་མོ། །རང་སྣང་མ་ངེས་འཁོར་འདས་མཚམས།
    །རང་མོས་བསྐལ་པའི་དང་པོ་ལ།
    །པདྨ་དབང་ཆེན་རྒྱལ་བའི་རབས།
    །ཕ་གཅིག་བླ་མའི་ཞལ་རས་བྱུང།

    །བླ་མའི་དྲིན་ཁྱེད་ལས་ལྷག་མིན།
    །ཡོན་ཏན་སྙིང་པོ་ཁྱེད་ཀྱིས་མངའ།
    །སྙིང་པོའི་རྩལ་དུ་རོལ་པ་ཁྱེད།
    །འགྲོ་ཀུན་ཐར་ལམ་ཁྱེད་ཀྱིས་འདྲེན།
   
    །དལ་འབྱོར་མི་རྟག་དྲན་བཟོ་བྱེད།
    །བླང་དོར་ངེས་འབྱུང་སྒྲོན་མེ་ཉིད།
    །མགོན་པོར་བརྟེན་པའི་ཚུལ་སྟོན་དཔེས།
    །འདྲེན་པའི་སྡེ་དཔོན་ཁྱེད་ཉིད་བྱེད།

    །སྲུང་བའི་སྐྱབས་སུ་བླ་མའི་ཞབས།
    །ལྷང་ངེར་ཕྱག་གིས་མགོར་བཏུག་པ།
    །བྱང་སེམས་གཉིས་འབྱོངས་ཐུགས་དམ་པ།
    །གསང་གསུམ་གཅིག་བསྡུས་རང་བཞིན་ཁྱེད་།

    །ལྷ་བརྒྱ་ཀུན་འགྲུབ་དཔང་བཞིའི་གཙོ།
    །འགྱོད་པའི་སྡིག་ཆེན་འདི་ཡང་གསོས།
    །གསང་གསུམ་ཡེ་ཤེས་སྤྲུལ་དཀྱིལ་དུ།
    །མཆོད་ཡོན་རྟེན་རྫས་རབ་བཞུགས་ཁྱེད་།
   
    །བླ་མའི་རྒྱུད་འཛིན་བླ་མ་ཁྱེད་།
    །བླ་་མེད་བསྟན་པའི་ཀུན་བཟང་ཆོས།
    །མངའ་བདག་མཆོག་གི་མངོན་སུམ་བྱས།
    །སྣང་བཞིའི་མཐར་སོན་འཕོ་ཆེན་སྐུར།

    །བཏང་བཞག་འགྲོ་འོང་མེད་པ་ལ།
    །རིག་པའི་ཡེ་ཤེས་རྣམ་ཀུན་ལྡན།
    །རབ་གུས་མི་བཟོད་གདུངས་ཀྱིས་འབོད་།
    །དབང་བཞི་ཕོབ་དང་གཉིས་མེད་འགྱུར།

    །ཨ་ཧོ།    །བླ་མ་སངས་རྒྱས་བླ་མ་ཆོས།
    །དགེ་འདུན་ཀུན་གྱི་བླ་མ་ཁྱེད།
    །འདིའི་ཕྱི་བར་གསུམ་དབྱེར་མེད་ངང་།
    །འདི་ལས་བསྐལ་བཟང་ལྷག་ཏུ་མེད་།

།རང་གིས་གང་ལ་མ་རྟོགས་པ་རང་མོས་ཚུལ་བརྗོད་འདི་།    རང་གི་ཀུན་སློང་ལམ་དུ་སྤྱོད་པའི་རེ་སྨོན་གྱི་བསམ་པ་དང་བཅས་པའི་བབ་བཅོལ་སྨྲ་བ་དཀོན་མཆོག་བཀྲ་ཤིས་སམ།    ཇོན་གྷྲན་གྱིས་ཕུལ་བས་དགེ་འགྱུར་ཅིག    །།

No comments:

Post a Comment