Tuesday, September 4, 2018
།གདུངས་འབོད་གནས་རིགས་དབེན་པའི་རང་བཞིན་རྒྱས་པའི་རོལ་མོ་བཞུགས།
།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀྱེ་མ་ཀྱི་ཧུད་རྨོངས་པའི་འགྲོ་འདི་དག །རང་སེམས་རང་གཅེས་ལུས་དང་བྲལ་དགོས་ཀྱང་། །རང་གཅེས་འཛིན་པའི་གོམས་གཤིས་ཆེས་ཆེར་འགྲོ །འཆི་བ་མི་རྟག་ཚུལ་ལ་ཆེས་ཆེར་སྐྲག་ན་ཡང་། །ཚུལ་བཞིན་བཏགས་ལ་མི་ཤེས་རང་གིས་རང་བསླུས་ཙམ། །བླ་མ་བླ་མ་རྩ་བ་ཀུན་གྱི་བླ་མའི་གཙོ་ལ་འབོད་། །དྲན་ནོ་དྲན་ནོ་དྲིན་ཆེན་མགོན་ཁྱོད་རྟག་ཏུ་དྲན། །སྐྱིད་དོ་སྡུག་གོ་འཁོར་བའི་གནས་ཚུལ་བརྟན་པོ་མིན། །དཀོན་མཆོག་གསུམ་དབེན་སྙིགས་མའི་ཡུལ་ཁམས་འདི་རེ་སྡུག །རང་ལུས་དཀོན་མཆོག་གྲོགས་དང་ཆུང་འབྲེལ་ཀྱང་། །རང་སེམས་འདི་ཉིད་རང་གི་སྐྱབས་སུ་ག་འདྲས་མཆིས། །བླ་མའི་ངོ་འཕྲོད་དྲིན་ལ་ད་ལྟ་དྲན་བཟོ་བཞིན། །ཚེ་འདིའི་བྱ་བ་བཏང་ནས་དབེན་ཁྲོད་ཕྱིན་ན་རུང་། །དགེ་འདུན་ཞེས་བྱའི་དོན་གྱི་གང་ཟག་གང་། །ཡོད་ན་ཕྱི་རུ་སྐྱབས་བསྩལ་བྱིས་པའི་ཚུལ། །ལོ་རྒྱས་རྒས་པའི་གྱི་ན་ང་འདི་འདྲའི། །བསླུས་བྲིད་་ཚུལ་ཀུན་སྤངས་སྟེ་སྒྲོལ་ཚུལ་བརྟེན། །ཆོས་ཞེས་སུས་བཅོས་གདོད་མའི་གཞི་རུ་འཁྲུལ། །མ་བཅོས་རང་སེམས་སྟོང་སྙིང་བརྩེ་བས་བག་ཕེབས་པའི། །མཐོ་རིས་ངེས་ལེགས་ཐེག་པ་ཀུན་གྱི་ལྡེ་མིག་བརྙེད་། །ད་ལྟ་ནང་གསང་དམ་པའི་སྐྱབས་གཅིག་ཅིས་མི་བསྩལ། །སངས་ཞེས་སྒྲིབ་གཉིས་ཀུན་བྲལ་བདེ་གཤེགས་སྙིང་པོར་བརྟེན། །ཚོགས་གཉིས་ཀུན་རྫོགས་སྐབས་སུ་རྒྱས་འཕགས་རིགས་སུ་བཞེད་། །དེ་ལ་བརྟེན་ཅིང་དཀོན་མཆོག་གསུམ་གྱི་སྣང་བ་འབྲེལ། །ལེགས་དོན་ཀུན་གི་གོ་འཕང་འདི་འདྲ་སུ་མི་དད་། །མཁྱེན་ནོ་བླ་མ་མཁྱེན་ནོ་ལམ་གྱི་བར་ལུས་པའི། །བུ་ཆུང་བདག་གི་ཐོལ་སྐད་འདི་ལ་ཐུགས་དགོངས་མཛོད། །ལྡོག་མེད་རིག་འཛིན་ས་ལ་ལག་པས་འཁྲིད་དེ་སྟོན། །སྙིང་འདོད་རང་བདེ་སྙིང་པོའི་རྟོགས་པའི་རྩལ་ཆེན་ཕོབ། །ཡི་དམ་འཇམ་དཔལ་གཞོན་ནུས་སྒྲུབ་པའི་ལུས་འདི་འཚོས། །མཁའ་འགྲོ་ཤེར་ཕྱིན་སྒྲོལ་མས་བྱ་བའི་ཟིན་སར་འཁྱོལ། །སྲུང་མ་སྔགས་སྲུང་མ་དང་ཡམ་ཤུད་དམར། །སྙིང་ནས་འབོད་དོ་དོང་གྲོགས་ལས་མ་གཡེལ། །གཞི་བདག་གཏེར་བདག་དབུལ་ཕོངས་གནས་འདིར་དབུག་དབྱུང་སྟེ། །དཀོན་མཆོག་གསུམ་སྣང་མྱུར་དུ་རྒྱས་འཕེལ་མཛོད་། །ཆོས་སྲིད་མཐུན་པའི་རྐྱེན་བཟང་ལེགས་གྲིགས་དང་། །འགྲོ་བསྟན་ཕན་བདེའི་ཞིང་དུ་སྒྱུར་དུ་གསོལ།
Subscribe to:
Post Comments (Atom)
No comments:
Post a Comment