Tuesday, July 31, 2018

Advice to American Nyingmapas, c. 2009

༄༅། །ཨ་རིའི་ཕྱོགས་སུ་བཅའ་བཞུགས་་སྔ་འགྱུར་སྙིང་མ་པ་རྣམས་ལ་གདམས་པ་བཞུགས་སོ།།

།རྟོག་དཔྱོད་ཤེས་རབ་གསུམ་གྱི་གཞི་མ་འཛིན།    །བསམ་གཏན་ལྟར་སྣང་གཟུགས་ལེགས་རྗེས་རྒྱུག་རྣམས།    །དེང་འདིར་ཨ་མགོ་མེ་རིའི་མཇུག་ལྡན་ཡུལ།    །སྐྱེས་ཆེན་བླ་མའི་སློབ་འཁོར་འགའ་ཞིག་སྣང།    །བོད་ཀྱི་རྒྱལ་ཁམས་ཆོས་ཀུན་འཛིན་མའི་གཞིར།    །སྔ་ཕྱི་མེད་པར་བསྟན་པའི་འཁུར་འཛིན་རྣམས།    །ཐོས་བསམ་བསྒོམ་གསུམ་ཤེས་རབ་མེད་པར་ནི།    །
ངེས་པའི་མངོན་རྟགས་མི་འབྱུང་སུ་མི་བཞེད།    །བསྟན་པའི་བརྒྱུད་འཛིན་ནུས་པའི་གང་ཟག་གཅིག།    །དེ་གསུམ་བརྟེན་ནས་འབྱུང་ཀྱང་དེ་ཙམ་གྱིས།    །རིག་གནས་བཅུ་ཚང་མང་ཐོས་མཁྱེན་ཡོད་ཞེས།    །ཁྱབ་པར་སྒྲུབ་པའི་རྟོག་གེའི་ང་རྒྱལ་ཆེ།    །རྒྱུད་རློམ་རྟོག་གེའི་གཏན་ཚིགས་མ་གཏོག་པའི།    །ནང་བསྟན་དོན་གྱི་བློ་ལྡན་དེ་མི་བཞེད།    །མངའ་འགྱུར་སྒྲུབ་པའི་དབང་ཕྱུག་ཆེན་པོ་རྣམས།    །ལྷ་དང་སྔགས་ཀྱི་ནུས་པས་བསྟན་དོན་བསྒྲུབས།    །དེའི་ཞོར་དེ་རྣམས་ཕལ་ཆེར་མཁས་པའི་ཚུལ།    །སྔོན་མ་སྦྱང་ཀྱང་དགོས་པའི་མཐུན་རྐྱེན་ལས།    །ལྷུན་གྲུབ་རིག་འཛིན་མཁས་པའི་ཚུལ་བསྟན་གང།    །མངའ་འགྱུར་བསྟན་པའི་མཁས་ཚུལ་དེ་རྨད་འབྱུང་།    །འོན་ཀྱང་ལོ་རྒྱུས་ལེགས་པར་མ་དཔྱད་པར།    །ནུབ་ཕྱོགས་ཨ་རིས་སྙིང་མའི་སྔགས་བརྩོན་འགས།    །སྔ་འགྱུར་རིང་ལུགས་དད་མོས་ཁས་བཞེད་དང་།    །ནུབ་ཕྱོགས་གཙུག་ལག་མཁས་པའི་ལུགས་ལ་སྨད    །སྒྲུབ་རྒྱུད་སྔགས་ཆས་ཚད་ལ་ཆེས་དད་བཞིན།    དཔྱད་མཁས་ལུགས་ཀུན་ལ་སུན་འབྱིན་ནའང་།    །སྔ་འགྱུར་སྙིང་མའི་ཆོས་དང་གང་ཟག་རྣམས།    །ཚད་མར་མཐོང་ན་ཆོས་དང་རིགས་གཞུང་གཉིས།    །སོ་སོར་ལེགས་འབྱེད་གཞི་ཚུགས་རིགས་པ་ཉིད།    །སྣང་ཙམ་དབང་དུ་རྟོག་པས་བཏགས་པས་ན།    །བདེན་ལྟར་སྣང་ཡང་གནས་ལུགས་དོན་ལས་གོལ།    །གང་ལྟར་སྙིགས་ལྔ་དུས་ཀྱི་གང་ཟག་དང།    །ལྟ་བ་ལ་སོགས་བསླུ་བའི་ཆོས་ཅན་ལ།    །ཡིད་ཆེས་མི་རུང་དོན་དུ་གནས་མོད་ཀྱི།    །རང་གཞན་སྡེ་ཡི་ཆོས་དང་སྲིད་དོན་གཉིས།    །ཕྱི་ནང་སྒྲུབ་མཐར་གཏོགས་པའི་གནས་སྣང་ཆོས།    །དྲང་ངེས་དོན་བཞིན་མ་དཔྱད་བླང་འདོར་སོགས།    །ནང་བསྟན་རྗེས་འབྲངས་པ་དེས་འབྱེད་མི་ཤེས།    །ཨ་རིའི་དབང་ཐང་རྒྱུ་དང་ཁྱོན་རྒྱ་ཆེས།    །འཁྲིམས་ལུགས་ཉུང་བཞིན་ངོ་མི་ཚ་བར་སྤྱོད།    །དེ་ལྟར་དེའི་ཤུགས་ཨ་རིའི་རིགས་དང་ལུང།    །ནང་བསྟན་དང་རྟེན་འབྲེལ་ཆེན་ཆེ་ཆེརརློམ།   །རྒྱ་བོད་ལ་སོགས་ལུགས་སྙིང་ཆོས་ཀྱི་རྒྱུན།    །ཕོད་གང་ཙམ་གྱི་གོ་བ་ལས་མེད་ཀྱང།    །དེ་ལ་རྒྱ་མཚོའི་ཆུ་ལྟར་ཚུར་མཐོང་བས།    །རིགས་གཞུང་མཆོག་འཛིན་ལྟ་བའི་རྣམ་བཞག་བྱེད།    །ནང་ཆོས་ཡོན་ཏན་གང་གི་དོན་འདི་སྔར།    །རང་གཞུང་ཡོད་པས་རང་དང་མི་མཐུན་པའི།    །བཀའ་ལས་འབྱུང་བའི་དོན་གཞན་ལོག་པའམ།    །བླུན་དད་བློ་ཡིས་རྫུན་ལྟར་སྨོད་པ་ནི།    །དགེ་སློང་ལེགས་དཀར་ལྷས་སྦྱིན་ངན་སྨོན་གྱི།    །བོན་སྡེ་སོགས་ཀྱི་གསར་སྐྱེས་ལས་སུ་རུང།    །ནང་བསྟན་ཡང་དག་སྡེ་གསུམ་གཞི་ལམ་འབྲས།    །ལྟ་བསྒོམ་སྤྱོད་པའི་ཀླས་ཀྱིས་ཆེར་འཁྲུགས་བྱེད།    །མཐར་ཐུག་ལམ་གྱི་འབྲས་ལས་གོལ་བའི་བརྒྱུད།    །ནང་པ་སངས་རྒྱས་མིང་གཅིག་གསར་བཅོས་པའི།    །ཆོས་དང་འགལ་བའི་ཀླག་ལུགས་གསར་དུ་རྒྱས།    །དེ་ལྟར་སྔ་འགྱུར་ལུགས་སྲོལ་སྲུང་བ་རྣམས།    །ཨ་རི་རིགས་གཞུང་ཧ་ཅང་འབྲེལ་མཁས་ཀུན།    །ཡིད་མི་ཆེས་པར་སུན་བྱའི་དོན་མངོན་པས།    །རང་གཞུང་གང་ལ་གཞན་རྫུ་ཟོག་པོར་མཐོང།        །དེ་ལྟར་དེང་སང་ནང་ཆོས་འཛམ་གླིང་ཀུན།    །སྙིགས་དུས་རྐྱེན་གྱི་རླུང་རྩུབ་ཁྱེར་བའི་ཆོས།    །གར་བབ་མང་ཆེར་ཐོས་ཙམ་གོ་ཙམ་དང།    །བག་ཙམ་ཆགས་པས་བསྟན་པའི་ཞབས་ཤུལ་སྟེ།    །གསང་ཆེན་བསྟན་པའི་རྗེས་སུ་ལུས་པའི་རིས།    །དེང་རབས་ཕན་ཐོགས་ཡོད་ཀྱང་ཕྱིའི་དུས།    །ཤར་ནུབ་ཕྱོགས་མེད་སྙིགས་སྐལ་ཆེར་བདོ་བས།    །ད་རུང་བསྟན་པ་མི་ཚུགས་འདི་་ལྟར་འདའ།    །གསང་ཆེན་བཀའ་གཏེར་ནུབ་ཕྱོགས་ཅུང་རྒྱས་ཞོར།    །འགྲོ་དོན་ཆེ་ཀྱང་ནང་བསྟན་གསོས་པ་ལ།    །རྟེན་འབྲེལ་ལེགས་ཉེས་སྐབས་སུ་མ་ངེས་པའི།    །འབྱུང་བའི་གནས་འགྱུར་བདག་ཅག་སོ་སྐྱེས་རྣམས།    །བསོད་ནམ་ཟད་པའི་རྟགས་སུ་བསྒྲིབ་པར་སྣང།    །གང་ལྟར་ངེད་ཅག་སྐལ་བཟང་རབ་ལྡན་རྣམས།    །སྔོན་གྱི་དམ་པའི་རྣམ་ཐར་རྒྱ་ཆེན་ལས།    །འགྲོ་དོན་ཕྲལ་དང་ཕུགས་སུ་མཐར་ཕྱིན་དང།    །བསྟན་པའི་ཞབས་སུ་མཆོག་གསུམ་བརྟེན་སྒྲུབ་དང།    །མཁས་སྒྲུབ་བྱ་གསུམ་རྫོགས་པའི་སྲོལ་སྲུང་དང།    །རང་བཞིན་སྐྱེས་དང་སྦྱངས་པའི་ཡོན་ཏན་དང།    ་།དུས་དང་གནས་ཀྱི་རྟེན་འབྲེལ་སྔོན་ལས་ཉམས།    །དེའི་ཕྱིར་ཕྲན་ལ་མཁས་སྒྲུབ་གོང་མ་རྣམས།    །འགྲན་པར་འོས་པའི་རེ་དོགས་རང་བཞིན་མེད།    །སྔོན་གྱི་དམ་པའི་ཤུལ་དུ་ཆོས་བཞིན་གོམས།    །ལམ་དུ་ཡུན་ཚད་གོམས་པའི་དེ་ཙམ་གྱི།    །དམ་པ་རྣམས་ཀྱི་བཞེད་དོན་བསྒྲུབ་པར་བརྩལ།    །གང་རྩོལ་ལམ་གྱི་ཡོན་ཏན་རང་གི་ཡིད།    །དུག་གསུམ་མེ་ཆེན་ངང་གིས་ཞི་ཞིང་འཕགས།    །སུ་ལ་ཕན་དང་གང་གིས་མི་ཤེས་ཀྱང།    །ཕྲན་ཡིད་ཕུགས་སུ་གཞན་ཕན་མོས་པར་གནས།    ་    །འདི་ལྟར་འབྲིས་པའི་ལས་དོན་གང་མི་ཤེས།    །སྐྱབས་རྗེའི་སྤྱན་ལམ་རང་མཚང་མངོན་བརྗོད་ན།    །ལེགས་དཔྱད་བསམ་དོན་ཚིགས་སུ་བཅད་དོན་མེད།    །རང་གིས་རང་ལ་བསྟོད་ཀྱང་མཁྱེན་མཆོག་རྣམས།    །བྱིས་པའི་བབ་ཅོལ་སྨྲ་བའི་རྩེད་ལྟར་གཟིགས།    །རང་གིས་རང་བསླུ་ཡིན་ཀྱང་དམ་པས་མཁྱེན།    །བདེན་ཀྱང་མཁྱེན་གཉིས་ལྡན་ལ་བཤད་དོན་མེད།    །དེ་ལྟར་ཅོལ་གཏམ་འདི་ལ་དགོངས་མ་བརྩོམ།    །རང་རྟགས་སྟོན་པའི་རྩུབ་སྤྱོད་ད་གཟོད་རྫོགས།       

No comments:

Post a Comment