༄༅།། །ཀེ་ལ་པའི་ཞལ་ཆེམས་ཞེས་བྱ་བ་བཞུགས་སོ།།
༄། །འདི་ལྟར་བདག་གིས་དྲན་པ་དུས་གཅིག་ན། །སྔོན་རྒྱ་གར་གྱི་དབུས་ཕྱོགས་སུ། །བྲམ་བཟེ་་གྱི་བུ་དེ་བ་དཱས་ཞེས་བྱུང། །ཁོ་དམང་རིགས་ཀྱི་བུ་མོ་ལ་འདོད་ཆགས་ཆེན་པོས་སེམས་ཤོར་ཏེ། །ཕ་མ་གཉིས་ཀྱི་ཆད་པས་ཁྱིམ་ཚང་ལས་བུད། །གྲོང་ཁྱེར་གྱི་ལམ་དུ་བཟའ་་བཏུང་སློང་མོ་བྱས་ནས། །སྨད་ཚོང་མ་ཞིག་གིས་ལས་རོགས་བྱས། །མོ་རྗེ་བཙུན་སྒྲོལ་མའི་ཡེ་ཤེས་སྤྲུལ་པ་ཡིན་པར་དད་ནས་དབང་དང་མན་ངག་ཞུས་ཏེ་སྒྲོལ་མ་དང་། །ཝཱ་ར་ཧཱིའི་སྔགས་ཀྱི་ནུས་པ་ཞིག་ཐོབ། ཁོ་ཁྲོམ་ལ་ཀེ་ལ་དང་ཨམྲ་སོགས་ཀྱི་ཚོང་ལས་བྱས་བཞིན་དུ་་ཀ་ད་ལཱི་པའམ་ཀེ་ལ་པ་ཞེས་གྲགས་བྱུང་། །དེང་སང་འོ་སྐོལ་དེ་ཉིད་ཀྱི་ཡང་སྐྱེས་ཡིན་པར་བཅས་ཤེས་ཡོད་དང་། །དེང་གི་ཕ་ཡུལ་ཆོས་ལུགས་ཀྱི་གནས་ཚུལ་བཏགས་པ་ལ་ནི། སྔོན་ཁེ་ལ་པའི་གཤིས་དང་། །ཉམས་ལེན་ཀྱི་ལས་འཕྲོ་ཅུང་ཟད་སད་པའི་མཐུ་ལ་བརྟེན་ནས་འདི་ལྟར་ཡིད་ཀྱིས་འཆའ།
།ན་མོ་ཨ་ཛི་ཏ་བི་ཛ་ཡེ་།
།རྒྱལ་ཀུན་ངོ་བོ་གཅིག་བསྡུས་རིག་སྔགས་འཆང།
།རྒྱལ་སྲས་མཆོག་སྦྱིན་ཤེས་རབ་སྣང་བ་ཅན།
།འདུལ་དཀའ་འདུལ་བའི་ཕྲིན་ལས་བཏུལ་ཞུགས་མཆོག
།མི་ཕམ་རིག་འཛིན་མགོན་ལ་སྒོ་གསུམ་བཏུད་།
།ཨ་ཧཾ་ཀ་ད་ལཱི་པའི་སྙིང་བུ་ཡིན།
།སྙིང་པོ་མེད་པའི་ཆུ་ཤིང་ཁོག་སྟོང་ལ་།
།སྙིང་པོ་མངར་ལྡན་རྙེད་པའི་བསྐལ་བཟང་བཞིན།
།སྙིང་སྟོབས་མེད་པའི་ངན་གོམས་གཤིས་ཅན་བདག
།སྙིང་མེད་རོ་གཟུགས་བླངས་པས་སྙིང་པོར་དྲིལ།
།བརྩེ་བའི་རྩེད་མོར་ཐོས་དཀའི་གླུ་འདི་སླངས།
།གཞན་གྱི་སྐྱོན་ངོར་སུན་པའི་ལས་བྱེད་ན།
།གཞན་དེས་ཀུན་གཞིའི་རོང་ཕུག་བཞག་ན་གསལ།
།བག་མེད་ང་ལ་དེ་གའི་་སྐྱོན་ཡོད་ལྟར།
།སླར་ཡང་སྐྱུག་ཟའི་དགོས་པའི་ལས་མཐའ་མེད།
།དེང་གི་བྷོ་ཊའི་གུ་རུ་མང་ཆེ་བ།
།བྲཾ་ཟེའི་ལུགས་རྙིང་གོས་དམཪ་ཡང་བརྫུས་སྟེ།
།མི་རིགས་སྣ་ཚོགས་གོ་རིམ་མཐོ་དམན་བྱེད་།
།ཆོས་ལུགས་ཕྱོགས་རིས་བཅོས་པའི་ལྷན་པ་རྒྱབ།
།རིགས་གཞུང་ཐ་སྙད་ཚིག་དོན་ནང་འཁྲུགས་བྱེད།
།ཟློས་གཪ་སྣང་བའི་སྣ་རིས་བལྟ་བཪ་བཞེད།
།སློབ་སྐོར་བསྡུས་ནས་དབང་ཆོག་སྐད་སྟངས་འུར།
།སློབ་གུས་བསུ་ནས་མཆོག་ནོར་ལག་ཏུ་བླང་།
།སློབ་ནོར་ཐོབ་རྗེས་སྨོན་ལམ་མཁའ་ལ་སྒྲོགས།
།རྣམ་དག་རྒྱུད་འཛིན་འགྱུར་ཞེས་བདེན་རྫུན་དཔྱད།
།རིགས་གཅིག་ཉེ་འབྲེལ་གོ་སཪ་རིམ་གྱིས་ཚུགས།
།རིགས་གཞན་རིང་འཇོག་དམན་པའི་བཙོན་དུ་བཟུང་།
།བསྟན་འགྲོའི་དོན་ཆེན་དཪ་རྒྱས་སྨོན་ལམ་རྒྱབ།
།བསྟན་རིམ་འགྲོ་ཁམས་མཐོང་བའི་མིག་ལོང་སྤྱད་།
།བདེ་གཤེགས་སྙིང་པོའི་གཤིས་སུ་འགྲིབ་མེད་ཀྱང་།
།བྲམ་ཟེའི་ལུགས་ལྟར་གོས་དང་རིགས་སུ་འབྱེད་།
།ཨེ་མ་སངས་རྒྱས་ཆོས་ཀྱིས་གྲངས་མེད་ལམ།
།སྐྱེ་བོ་གྲངས་མེད་ཕན་སྒྲུབ་ལས་ཅན་དེ།
།བདེ་གཤེགས་སྙིང་པོའི་ཡོན་ཏན་འགྲོ་ལ་ཁྱབ།
།བདེར་འགྲོའི་དོན་གྱི་ལམ་སྣ་རིང་མ་བཞུགས།
།ཏིག་ཏག་འདྲ་འདྲེ་ཆོས་སྐད་དོན་མིན་འདའ།
།ཏིང་ཏིང་འཛིན་པའི་དམིགས་པའི་ཡུལ་མིན་ནམ།
།ཡོན་ཏན་དག་པའི་སཪ་ཕྱིན་བླ་མ་ནི།
།ཆོས་དང་གང་ཟག་སོ་སོར་དབྱེར་མ་མཛད་།
།ཡོན་ཏན་འགྲོ་དང་ནམ་སཪ་བཞིན་མ་གཟིགས།
།རང་དང་གཞན་གྱི་ཕན་བདེའི་དམིགས་པ་མེད།
རང་གཞན་སྐྱོན་དུ་དམོད་པའི་ལེའུ་སྟེ་དང་པོའོ༎
།རིགས་གནས་ལྔ་མཁས་ང་འདྲ་ཡང་།
།ཉི་ཚེའི་མཐོང་ཡུལ་རྗེས་སུ་རྒྱུག་ཏེ་འགྲོ
།སྐྱེ་མཆེད་དྲུག་བསྡུས་ཁམས་གསུམ་རིགས་སུ་སྐྱེ།
།ཀྱེ་མ་སེམས་རྨོངས་འགྲོ་བའི་ཀོང་འདི་མཚར།
།རྨོངས་སེལ་ཆོས་ཚན་བརྒྱད་ཁྲི་བཞི་སྟོང་རྣམས།
།ལྷན་སྐྱེས་འོད་གསལ་ཕྱིར་བསྟན་མགུ་བྱེད་མིན།
།ཚིག་དོན་མཐའ་ཡས་འགྲོ་དོན་གསུངས་པས་ཀྱང་།
།རེ་རེར་མཐའ་ཡས་ཚིག་ཕྲེང་གནོན་པས་ཅི།
།རྟོན་བཞི་དྲང་ངེས་དཔྱད་རར་ནོར་སའི་ཕྱུགས།
།རྟོག་ངན་བཟང་འགྱུར་རྫི་བོ་བྱེད་ན་བསླུ།
།ཕྱུགས་ནོར་སྐོར་བའི་བྲམ་ཟེའི་བརྟུལ་ཞུགས་ལྟར།
།རྟོག་མེད་དབྱིངས་སུ་མ་བསྒྲལ་ལྟོག་པས་ཤི།
།ཀྱེ་མ་ཐེག་མཆོག་ནོར་ཚོང་ཟོག་པོ་རྣམས།
།ཁ་ཆོས་ངན་ཁོག་སྔོན་དུ་མ་ཞུས་ན།
།ཚིག་དོན་གང་མང་འབྱུང་པོའི་གདོན་འདྲེས་ཟ།
།ལྟ་རིས་སྣ་འདྲེན་སྤྱོད་པའི་བསྐྲན་གྱིས་གདུངས།
།རང་གིས་རང་འབོག་རྟོག་གེའི་ཆང་གིས་སྨྱོ།
།མ་སྦྱིན་ལེན་པའི་ཅང་ཤེས་མི་གཙང་སྤྱད།
།སྤྲོས་མེད་དོན་འཕྲོད་དཔེ་དེབ་ཁྲོས་གཞིར་བྱེད།
།སྤྲོས་མེད་དོན་ལ་སྤྲོས་བཅས་དམིགས་དཀར་བས།
།ཆུར་གནས་འབུ་སྲིན་རྡུལ་སཪ་རྒྱུག་པ་བཞིན།
།ལམ་ཀྱོག་སྣཪ་འདྲེན་ཆོས་ཆུ་སྐོམ་པས་ཤི།
།ཨེ་མ་ཉམས་མཚར་ཚིག་དོན་ཧམ་པོ་རྣམས།
།ཉམས་ཆུང་མགུ་ཡངས་དོན་ཚིག་ཅི་ལྟར་གོ
།རིག་འཛིན་ཆེན་པོའི་གདམས་བཅུད་ཅིས་ལྟར་བཏུང་།
།བློ་བཏུང་ཆ་མེད་གླེན་པའི་ཚུལ་དམོད་ཀྱང་།
།བློ་འདས་རྟོག་མེད་སྐྱོང་ཐབས་དེ་ལས་ཅི།
།དེ་ལྟར་ཀུན་རྟོག་སློང་བྱེད་ཐབས་འཚོ་རྣམས།
།ཆ་མེད་ཐབས་མེད་ཤེས་ལྡན་བསྐལ་བཟང་དུ་།
།རང་རེའི་རྗེས་བཟུང་བླ་མ་དང་མཚུངས་པའི།
།བཀའ་དྲིན་མཚུངས་མེད་མོས་པའི་སྐྱེ་འགྱུར་ཅིག
No comments:
Post a Comment