Tuesday, July 31, 2018

Partial Commentary to KDL RInpoche's Instruction...

...to his student, Arun Bhatt


༄༅།།    །ལྟ་བསྒོམ་སྤྱོད་གསུམ་གྱི་ཉམས་ལེན་སྙིང་པོའི་གསལ་བའི་མེ་ལོང་བཞུགས་སོ།།

།དཔལ་ཀུན་ཏུ་བཟང་པོ་ལ་འཆགས་འཚལ་ལོ།

།གདོད་ནས་ལྷུན་མཉམ་རིག་སྟོང་ཟུང་འཇུག་ལ།
།གཞི་ལམ་འབྲས་སུམ་ཡེ་ནས་གྲུབ་པའི་ལྷ།
།ཀ་དག་ལྷུན་དཔལ་ཀུན་ཏུ་བཟང་པོའི་དབྱིངས།
།གཏན་སྲིད་ཟིན་པའི་མཁྱབ་བདག་བུ་ལ་དགོངས།

།ཨེ་མ།་།སེམས་ཅན་སྙིགས་ལྔ་མནར་བའི་གདུང་བསལ་བའི།
།སྡེ་སྣོད་བརྒྱད་ཁྲི་བཞི་སྟོང་བདུད་བརྩིའི་བཅུད།
།ཐེག་པའི་རྩེ་མོར་གྱུར་པའི་བསྟན་པ་འདིར།
།གསེར་གཙོ་བཞིན་དུ་ཡོན་ཏན་ལྷུན་གྲུབ་ཞེས།
།ཡོད་ཀྱང་མ་རིག་དབང་གིས་ངོ་མ་ཤེས།
།དེ་ཕྱིར་རྒྱལ་བའི་ཐུགས་ཀློང་ཆེས་ཟབ་འདི།
།སོ་སོའི་སྐྱེ་བོ་ཕྲན་ལྟར་ག་ལ་ཁྲིད།
།འོན་ཀྱང་དད་གསུམ་པད་མོ་རྒྱས་མཛད་ནས།
།རང་གིས་རང་ལ་བསམ་རྣོ་བརྟན་བྱེད་ཕྱིར།
།དོན་གྱི་སྙིང་པོའི་གླུ་བཟང་ངོ་མཚར་འདིར།
།ལུང་རིགས་ཚུལ་དཔྱད་རྒྱན་བུར་འགོད་ལེགས་སམ།
།དར་ཟབ་དོན་མེད་ལྷན་རྒྱབ་ལྟར་བྱེད་ན།
།སྤྱན་གསུམ་ལྷ་རྣམས་དགོངས་ཚོམས་རྒྱུར་འགྲོ་ངེས།
།ཅིག་ཐུབ་རིལ་ལ་སྨན་ཕལ་སྦྱར་བ་བཞིན།
།རང་གི་སྐྱོན་ཡོན་བསལ་རྒྱས་ལས་མི་འབྱོར།
།དེས་ན་རང་གི་ཆེ་བསམ་ཆོས་བརྒྱད་རྣམས།
།ལོག་སུ་བཞགས་ནས་མཉམ་བཞགས་ལེགས་བསྒོམས་ན།
།ཐུགས་བློ་འདྲེས་པའི་རྟགས་སུ་ཚིགས་རེ་འགའ།
།འཇུ་ལྷ་མི་ཕམ་དགོངས་བཞིན་གྲལ་དུ་འཇོག།
།སྙམ་ན་མ་ཟ་རྡོར་གསུམ་བཟོད་རོགས་མགྱིས།

།སྙམས་ལེན་གྱི་སྙིང་པོ་ཞེས་བྱ་བ།་རྡོ་རྗེ་ཐེག་པའི་རྩོ་བོར་གྱུར་པའི་ལྟ་བསྒོམ་དཔྱོད་གསུམ་གྱི་བསྡུས་དོན་བསྟན་པའི་གདམས་པའམ་གདམ་ངག་གམ་མན་ངག་རྡོ་རྗེ་གླུ་སུ་བཀོད་པ་འདིར།་སྐྱབས་རྗེ་བདེ་བར་གཞེགས་པའི་རྣམ་ཐར་ལས།་རང་གི་རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ་བུ་ཆུང་མ་ལ་གདུང་བ་བཞིན་རེ་ལྟོས་པའི་དོན་གཞན་མེད་པར་བློ་སྙིང་འབྲང་སུམ་ལིང་སྐྱུར་ཚུལ་གྱིས་གདུང་འབོད་བརྟེན་དང།་དེ་རྟེན་པའི་རྣམ་ཐར་ལས་སྐྱབས་རྗེ་རང་གིས་བཀའ་བརྩལ་པའི་གཟིགས་སྣང་འཆར་ཚུལ་ནི།་ཡང་ནས་ཡང་དུ་གུ་རུ་ཉིད་དང་འཇལ།་གུ་རུའི་མི་འཇིགས་པའི་དབུགས་འབྱིན།་རྩ་གསུམ་གི་ལུང་བསྟན་སྦྱོར་བ་དང།་སྒྲུབ་སྐོར་འདྲི་ལན་གུ་རུ་ཉིད་ཀྱིས་གནང་བ་དང།་སྙིང་པོའི་གདམས་ངག་གུ་རུ་ཉིད་ཀྱིས་དུས་སུ་བཀའ་བརྩལ་པ་ལ་སོགས་པའི་སྐབས་སུ་བབས་པ་ན།་སངས་རྒྱས་ཉིད་པ་ཨོ་རྒྱན་རིན་པོ་ཆེས་རང་གི་ལུང་བསྟན་པའི་ཞལ་སློབ་ཀུན་བཟང་བདེ་ཆེན་གླིང་པ་ལ།་སྐོར་ལོ་འགྱུར་བའི་རྒྱལ་པོའི་རང་སྲས་དར་ལ་བབ་ནས་རྒྱལ་མཚབ་དངོས་སུ་དབང་བསྐུར་བ་དང་རྒྱལ་རིས་ཆེན་པོ་ངོས་སུ་གཏད་པའི་ཚུལ་གྱིས་རྒྱལ་པོའི་ཕོ་གྲང་སུ་ཕེབས་པའི་རྒྱལ་ཕྲན་དང་སྐུ་དྲག་གི་གྲལ་དུ་རྒྱལ་པོའི་ཁྲི་སྟེང་དུ་ལེགས་པར་བཀོད་པ་ལྟར།་སྐྱབས་རྗེ་བདེ་བར་གཤེགས་པ་གུ་རུའི་རྒྱལ་མཚབ་དུ་དབང་བཀུར་ནས་འདུལ་བྱའི་དོན་གྱི་ཁམས་དབང་དང་མཐུན་པར་སྙིགས་ལྔའི་དུས་འདིར་གཏེར་སྟོན་གྱི་རྣམ་ཐར་བསམ་གྱིས་མི་མཁྱབ་པ་བསྟན་པར་མཛད།་དཀོར་ལོ་གྱུར་བའི་རྒྱལ་པོའི་རྒྱལ་མཚབ་སྲིད་འཛིན་དབང་བཀུར་དང་ཁྲི་གསོལ་བའི་སྐུ་རིམ་རྒྱ་ཆེན་པོ་ཚུལ་བཞིན་རྫོགས་ནས་རྒྱལ་ཁམས་གྱི་མཛོད་ཆེན་པོའི་ལྡེ་མིག་ཡང་ཚུལ་བཞིན་དུ་སྤྱོད་འོས་པ་ལྟར།་ངེད་ཅག་གི་དྲིན་ཆེན་རྩ་བའི་བླ་མ་ནི།་གུ་རུ་ཉིད་དང་སྐྱེས་ཆེན་དམ་པའི་བླ་མའི་སྤྲུལ་སྐུར་འབྱོན་པ་རྣམས་ཀྱི་སྐུ་མདུན་ལ་གསང་སྔགས་དབང་བསྐུར་མ་ཚང་བ་མེད་པར་ཞུས་ནས།་སྐུ་རིམ་བསྙེན་གྲུབ་ལེགས་པར་རྫོགས་ནས་བར་ཆད་བསལ་བ་དང།་སྤོབས་པའི་གཏེར་ཆེན་རྡོལ་བས་གཏེར་སྟོན་མཚན་ཉིད་པར་སྐྱེས་ཆེན་དེ་རྣམས་རེས་ཀྱིས་ངོ་མཁྱེན་པ་དང།་གསང་སྔགས་རྡོ་རྗེ་ཐེག་པའི་མཛོད་ཁང་ཆོས་དབྱིངས་ཀྱི་བདག་མོ་མཁའ་འགྲོ་མ་རྣམས་ཀྱིས་རྗེས་སུ་གཟུང་ནས་སྐྱབས་རྗེ་ཉིད་དེའི་ལྡེ་མིག་ལ་དབང་སྦྱོར་བ་ནི།་ལྷུན་གྲུབ་བསྟན་པའི་བདག་པོའི་སྐུར་གཞེང་པའི་རྣམ་ཐར་མཚན་ཉིད་པའོ།

་དམིགས་རྐྱེན་སྒྱུ་མ་མཁན་གྱི་རྡེའུ་དང་མེ་སྐོར་རམ།་རྒྱུའི་རྐྱེན་ཀློག་སྙན་འཕྲུལ་སྐོར་ལ་སྣང་བའི་བུད་མེད་ལུས་བཟང་མའི་རྐུབ་རིལ་རིལ་གར་ཁྲབ་ཀྱིས་འཁྲུགས་བཞིན་ལྟས་མོ་མཐོང་མཁན་གྱི་གདོང་པ་ལ་ཡར་བསྟན་པ་འདྲ་བོའམ།་བདག་པོའི་རྐྱེན་སྔོན་བརྩོན་གྲུས་སོགས་ཀྱིས་བསགས་པའི་བསོད་ཡེ་ཚོགས་ཆེན་པོ་སྨིན་པའི་རྟགས་སམ།་དེ་མ་ཐག་པའི་རྐྱེན་གདུང་ཤུགས་དྲག་པོའི་མོས་གུས་སྐྱེད་པ་ལ་སོགས་པའི་རྒྱུ་རྐྱེན་གང་གིས་དང།་ཡོད་པའི་དངོས་པོ་གང་ལ་བརྟེན་ནས་དག་པའི་གཟིགས་སྣང་འབྱུང་ཞེས་ན།་

རྐྱེན་བཞིའི་ཡ་གྱལ་གང་ཡང་ལ་མཚོན་ནས་རྐྱེན་རྩམ་པོ་པ་ལ་བརྟེན་པའི་ཕྲལ་འབྱུང་གི་དག་སྣང་ལྟར་ཡིན་ན།་མི་སོ་སོའི་སྐྱོ་བོ་དྷ་ཏུ་ར་བཟོད་པའི་ཕྲལ་འབྱུང་གི་སྣང་བ་ལྟར།་དགེ་དང་མི་དགེ།་ལེགས་ཆ་དང་སྐྱོན།་ཕན་དང་ཉེས་པའི་ཆ་སོགས་གང་ཡང་མ་དཔྱད་པར་གཉིས་ཆོས་མེད་པའི་དག་སྣང་ཞེས་པའི་མིང་བརྟགས་སུ་རུང་ངམ།་ཨོ་ན་དེ་དག་པའི་གཟིགས་སྣང་ངམ་འཕགས་པའི་གང་ཟག་གིས་གཟིགས་པའི་སྣང་བ་དང་མཚུང་པ་ཞིག་ཡིན་ནམ་མིན་ཞེས་ན།་དག་སྣང་ཆོས་ཅན།་མི་དྷ་ཏུ་ར་ཡིས་མྱོས་པའི་ཕྲལ་འབྱུང་ངོ་མཚར་གྱི་སྣང་བ་དང་མཚུངས་པ་མ་ཡིན་པར་ཐལ།དྷ་ཏུ་ར་ཡིས་མྱོས་པའི་སྣང་བས་མ་མཁྱབ་པའི་ཕྱིར།་མཁྱབ་པ་མ་འདོད།་དག་སྣང་ཆོས་ཅན།་མི་དྷ་ཏུ་ར་ཡིས་མྱོས་པའམ་ཉོན་པའི་སྣང་བ་དང་མཚུངས་པ་མ་ཡིན་པར་ཐལ།་དག་པའི་སྣང་བ་དེ་ཕྲལ་འབྱུང་རྐྱེན་ཚོགས་དང་མེད་མི་རུང་བའི་འབྲེལ་བ་མེད་པའི་ཕྱིར།་མ་ཁྱབ་ཟེར་ན།་དག་སྣང་ཆོས་ཅན།་རྐྱེན་ཙམ་པོ་པ་ལས་མ་འབྱུང་བར་ཐལ།་སྣང་བའི་སེམས་ངོར་རང་བཞིན་གྱིས་འོད་གསལ་རྣམ་དག་ཡིན་པའི་ཕྱིར།་འདི་ལ་འདོད་ཟེར་ལབ་མ་ཤེས་ན།་དག་པའི་སྣང་བ་ཆོས་ཅན།་རྐྱེན་ཙམ་ལས་འབྱུང་བའི་སེམས་མ་ཡིན་པར་ཐལ།་སེམས་མ་ཡིན་པའི་ཆོས་ཡིན་པའི་ཕྱིར་ཞེས་ན་རྟག་གྲུབ་མ་གྲུབ་ཁྱོད་བརྟག་དཔྱོད།་ཨོ་ན།་དག་སྣང་ཆོས་ཅན།་སེམས་ལོགས་སུ་མེད་པར་ཐལ།་སྣང་བ་ཡིན་པའི་ཕྱིར་ན་མ་མཁྱབ་ཟེར་ན།་འདོད།་ཨོ་ན་དག་སྣང་ཆོས་ཅན།་གཉིས་སུ་སྣང་བར་ཐལ།་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་ན་ཡང་མ་མཁྱབ།་དེ་ག་ལ་སྲིད་ཟེར་ན།་དག་པའི་སྣང་བ་ཆོས་ཅན།་གཉིས་འཛིན་གྱི་སྣང་བ་མེད་པར་ཐལ།་གཉིས་སྣང་མེད་པའི་སེམས་ཡིན་པའི་ཕྱིར་ཞེས་པ་ལ་རྟགས་མ་སྒྲུབ་ཟེར་ན།་དག་པའི་སྣང་བ་ཆོས་ཅན།་གཉིས་སྣང་མེད་པའི་སྣང་བར་ཐལ།་རྟོག་མེད་ཡུལ་མངོན་སུམ་གྱིས་རྟོགས་པའི་ཕྱིར།་

ཡང་ན།་

སྣང་བ་གཉིས་འཛིན་ཆོས་ཅན།་སེམས་ལོགས་སུ་མེད་པར་ཐལ།་སྣང་བ་ཡིན་པའི་ཕྱིར་ན།་འདོད་།་ཨོ་ན།་དག་སྣང་ཆོས་ཅན།་ཕྲལ་འབྱུང་རྐྱེན་ཙམ་གྱིས་མིན་པར་ཐལ།་དག་སྣང་ཆོས་ཅན་གྱི་སེམས་རྒྱུད་དེ་ནི།་ཕྲལ་འབྱུང་རྐྱེན་སྐད་གཅིག་མ་གང་ཡང་མཚོན་པའི་དུས་སྔོན་ལ་གཏན་དུ་ཡོད་པའི་ཕྱིར།་བློ་ཞན་པ་ཞིག་གིས།་དག་སྣང་ཆོས་ཅན་གྱི་སེམས་རྒྱུད་ཆོས་ཅན།་ཕྲལ་འབྱུང་རྐྱེན་ལས་འབྱུང་བར་ཐལ།་སྐད་ཅིག་སྔ་མའི་སེམས་དང་སེམས་འབྱུང་ལས་འབྱུང་བའི་ཕྱིར་ན།་ཧ་ཧ།་སེམས་ཆོས་ཅན།་སེམས་འབྱུང་ཡིན་པར་ཐལ།་སྐད་ཅིག་སྔ་མའི་སེམས་དང་སེམས་འབྱུང་ལས་འབྱུང་བའི་ཕྱིར།་འདོད་ན།་ཁྱེད་རང་གི་སེམས་རྒྱུད་ཆོས་ཅན།་གཉིས་སུ་འཛིན་པའི་སྣང་བ་མེད་པར་ཐལ།་སེམས་དང་སེམས་འབྱུང་རྒྱུད་གཅིག་ཡིན་པའི་ཕྱིར།་མ་མཁྱབ་ཟེར་ན།་འོ་སེམས་རྒྱུད་དེ་རྣམ་དག་ཡིན་པར་ཐལ།་རྟོག་འདྲེར་རུང་བའི་སེམས་འབྱུང་གི་སྣང་བ་གཏན་ནས་མ་འབྲེལ་བའི་ཕྱིར།

འོ་ན་དག་སྣང་གང་གི་ཡིན་དང་རྒྱུ་རྐྱེན་གང་ལས་སྐྱེས་ཟེར་ན།་དེ་ལ་གཅིག་གིས།་དག་སྣང་གི་མཚན་ཉིད་སོ་སྐྱེའི་བློ་ངོར་གཞལ་བྱར་རུང་ན།་་སོ་སྐྱེའི་སྣང་བློ་སངས་རྒྱས་ཀྱི་སྣང་བློ་ཡང་ཡིན་པར་ཐལ།་སངས་རྒྱས་སྣང་བློ་རང་གི་མཚན་ཉིད་རྣམ་པར་དག་པ་དེ་སོ་སོ་སྐྱེ་བློ་དེས་རྟོགས་པའི་ཕྱིར།་གཞན་འདི་སྐད་དུ།་སོ་སྐྱེ་ཆོས་ཅན།་སངས་རྒྱས་སུ་ཐལ།་དེའི་སྣང་ངོར་མངོན་སུམ་རྟོགས་པའི་ཕྱིར་ན་མ་མཁྱབ།་འདི་ལྟར་སངས་རྒྱས་ཆོས་ཅན།་སེམས་ཅན་མ་ཡིན་པར་ཐལ།་སེམས་ཅན་རང་གིས་གཞན་སངས་རྒྱས་ཀྱི་བྱིན་རླབ་ལ་རྟེན་ནས་འཕགས་པའི་གཟིགས་སྣང་དང་མཐུན་པར་སངས་རྒྱས་ཀྱི་རྫུ་ཕྲུལ་སྣང་བ་རྣམ་དག་དབང་པོ་མངོན་སུམ་གྱིས་མཐོང་བའི་ཕྱིར།་དཔེར་ན།་སངས་རྒྱས་ཀྱི་ཞབས་ཀྱིས་སར་གནན་ནས་འཇིག་རྟེན་མི་གཙང་གང་བའི་སྣང་བ་རྣམས་ཞིང་ཁམས་རྣམ་དག་དུ་སྒྱུར་ནས་ལྷ་དང་མི་གྲངས་ལས་འདས་པ་རྣམས་དེར་མཐོང་བས་སྐྱེད་མེད་ཆོས་ལ་བཟོད་པ་སྐྱེས་པ་ཞེས་པ་བཞིན་ནོ།་་

མ་འདོད་ན།་སངས་རྒྱས་ཐུགས་ལ་བློ་ཡུལ་སྣང་བའི་ཁྱད་པར་མེད་པར་ཐལ།་སངས་ཐུགས་ལ་མངོས་སུ་མ་རྟོགས་པའི་ཡུལ་མེད་པའི་ཕྱིར།་འདོད་ན།་སངས་རྒྱས་ཐུགས་བློའི་སྣང་བ་རྣམ་དག་རྣམས་སོ་སྐྱེའི་བློས་རྟོགས་སུ་མི་རུང་བར་ཐལ།་སང་རྒྱས་ལ་གཉིས་འཛིན་བློ་མེད་པ་དང།་སོ་སྐྱེའི་བློ་གཉིས་འཛིན་མེད་པའི་སེམས་མ་ཡིན་པའི་ཕྱིར།་འདོད་ན་ཡང།་འོན་ཀྱང་སོ་སོ་སྐྱེ་བོའི་ངོར་སངས་རྒྱས་དང་སེམས་ཆན།་སེམས་དང་སེམས་ཉིད།་རྒྱུ་དང་རྐྱེན་སྤྱི་དང།་དངོས་པོའི་རང་གི་རྒྱུ་སོགས་ཐ་སྙད་དུ་རྣམ་པར་བཞག་པའི་ཁྱད་པར་ཁོང་སུ་མ་གཏོགས་པའི་ཆོས་གཅིག་ཀྱང་མེད་མོད།་དེས་ན་དག་དང་མ་དག།་དག་པའི་སངས་རྒྱས་དང་མ་དག་པའི་སེམས་ཅན་དང་དེ་ཟུང་ཡོད་པའི་ལམ་གྱི་གང་ཟག་གི་ཁྱད་པར་སོགས་སོ་སྐྱེའི་བློ་ཡིས་རྟོགས་སུ་རུང་བར་ཐལ།་དེ་རྣམས་ཀྱི་མཚན་ཉིད་ཀུན་རྫོབ་ཏུ་བདེན་པ་དང།་ཡོད་པ།་ཡང་དག་གནས་པ།་ཡིད་ཆེས་སུ་རུང་བའི་ཁྱད་པར་འབྱེད་པའི་ཆོས་ཡིན་པའི་ཕྱིར།་

གང་ལྟར་ཡང།་སེམས་ལ་གཉིས་སྣང་ཡོད་མེད་གྱི་ཁྱད་པར་སྦྱར་རུང་བའི་གོ་སྐབས་ནི།་ལུང་དང་རིགས་པས་མདོ་དང་བསྟན་བཅོས་སྔོན་རྒྱ་བོད་ཀྱི་མཁས་ཆེན་རྣམས་ཀྱི་རྒྱ་ཆེར་གཏན་ལ་འབེབས་པའི་ཕྱིར་རྒྱས་པར་འདོད་ན་དེ་རྣམས་ལེགས་པར་གཟིགས་རྟོག་གནང་ནས་ཕྲན་ལ་བསྡུས་དོན་བཤད་རོག་མགྱིས།

།ཉལ་ཞེས་ལན་གཉིས་བརྗོད་པས་གང་ལ་མཚོན་ཞེས་ན།་གཉིད་གཏུག་པོ་འམ།་ཉིན་མཚན་མེད་པར་ཡང་ནས་ཡང་དུ་གཉིད་ཁུགས་པའམ།་མིག་རྫུམས་ནས་གཉིད་ཡུན་རིང་པོར་ཁུགས་པའི་དོན་ནོ།་ངོ་བོ་ཞེས་པ་ནི།་སྙིང་པོ་དང།་དངོས་པོ་རང་ཆས་སུ་ཡོད་པའི་སྡོད་སྟང་ངམ་གནས་ལུགས་དང།་དངོས་དང་དངོས་མེད་གང་ཡིན་པའི་ཚུར་མཐོང་བློ་གཞན་ཕར་གྱིས་སྒྲོ་སྐུར་མ་བརྟགས་པའི་རང་མཚན་ནམ་རང་བཞིན་ལ་མཚོན།་ངོ་བོ་ཞེས་པ་ལ་ལུང་རིགས་ཀྱི་དྲང་ངེས་རྣམ་པར་བཞག་པའི་གཏན་ཚིག་རིགས་པ་གང་གིས་དང།་མདོ་སྔགས་ཀྱི་ཐེག་པའི་ལུང་ལས་གོ་དོན་རྒྱབ་ཆོས་སུ་གང་ལྟར་དྲང་ཀྱང།་ངོ་འམ་ངོ་བོ་ཞེས་རང་ལས་གཞན་མ་ཡིན་པའི་གོ་ཆོད་པ་དང།་རང་ལས་གཞན་དུ་གྱུར་པ་གོ་མི་ཆོད་པའོ།་

།སྐྱོང་ཞེས་པ།་འཚོ་བར་བྱེད་པ་འམ་མགོན་བྱེད་པའི་དོན།་དེ་གང་ལ་སྐྱོང་བའི་ངོ་བོའི་དོན་དང།་སྐྱོང་བའི་ཚུལ་གྱི་ཤེས་བྱེད་ནི།་གཉིད་འོད་གསལ་དུ་གྲོལ་བྱེད་ངོ་བོའི་གདམས་ངག་དང།་དེའི་མེད་ན་སྦྱར་མི་རུང་བའི་ཁུང་ཡང་དག་རང་གི་དྲིན་ཆེན་རྩ་བའི་བླ་མའི་ཞལ་གདམས་རང་སློབ་ངོས་སུ་ཕོགས་པའི་རྐྱེན་རྣམས་ཤེས་བྱེད་སུ་ཡིད་བརྟེན།་ལྷན་སྐྱེས་མ་རིག་པ་དང།་བག་ཆགས་བཏས་པའི་མ་རིག་པའི་རྐྱེན་གྱིས་ལུས་ཀྱི་འབྱུང་པོ་ལྔ་དང་འབྲེལ་བའི་རྣམ་ཤེས་དྲུག་རིམ་བཞིན་བསྡུས་ནས་སེམས་ཀྱི་གནས་ལུགས་རང་བཞིན་འོད་གསལ་ངང་དུ་གྲོལ་བའི་གདམས་ངག་ཡོད་གོ་ཆོད་པ་་པ་ནི།་སྐྱབས་རྗེའི་སྙིང་སློབ་ལེ་ལོ་ཅན་ཨ་རུཎ་བྷཊྚ་ལ་ཕན་པའི་གདམས་པའོ།་དེ་གནང་བའི་རྒྱུ་མཚན་ནི།་སྐབས་གཅིག་ཏུ་སྐྱབས་རྗེ་རང་གི་གཟིམ་ཁང་གི་སར་ཨ་རུན་ཟེར་མཁན་དེ་གཉིད་ཁུགས་བཞིན་དུ་སྐྱབས་རྗེ་དེ་གཟིགས་པས།་ཨ་རུན་ཁྱོད་གང་བྱས་ནས་ཉལ།་ཁྱོད་སྙམས་ལེན་བྱོས་ཞེས་བཀའ་གནང་ནས་ཁོང་གིས་ཉལ་སྟང་ལས་བ་སླང་བར་འདི་སྐད་དུ།་སྙམས་ལེན་ག་འདྲ་གཅིག་དགོས།་རིན་པོ་ཆེ་ཁྱོད་ཉིན་མཚན་མེད་པར་གཟིམས་ཁུག་མ་གནང་ངམ།་ཞེས་པའི་ལན་རྒྱབ་ནས།་སྐྱབས་རྗེས་བཞེད་མོ་བཞེད་ནས་གླུ་འདི་ཐུགས་ཀྱི་ཀློང་ནས་ཞར་མ་ཞོར་གྱིས་ཕབ་པའོ།

།ཟ་ཞིང་འཐུང་ཞེས་གང་ལ་བརྟེན་ནས་ངོ་མཚར་དུ་གྱུར་པའི་ཚུལ་ནི།་སྒྲུབ་ཐོབ་ཆེན་པོའི་རྣམ་ཐར་ལས་ཕྱིར་སྒྲགས་ན་ཡང།་ཟ་དང་འཐུང་བའི་བརྟུལ་ཞུགས་ཀྱི་མཛད་པའི་རྟགས་མཚན་ཡང་ལོག་མི་ཕལ་ཆེ་བས་ངོ་མ་ཤེས་པས།་ཆོས་རྣམ་པར་དག་པའི་རང་བཞིན་ཤེས་རབ་ཀྱིས་གཏན་ལ་མ་ཕེབས་ན་སྒྲུབ་ཐོབ་ཀྱི་མཛད་པའི་བརྟུལ་ཞུགས་བསྟན་པའི་སྐབས་སུ་ཚུལ་མིན་ཡིད་བྱེད་ཀྱི་སྒྲོ་སྐུར་གྱི་རྒྱུར་གྱུར་བས་ལོ་སྒྱུས་དེ་འདྲ་རྣམས་མི་ཕལ་པ་ལ་མ་བཤད་ཆོག།་འོན་ཀྱང་མི་བསམ་བློ་རྒྱ་ཆུང་བ་ཞིག་དེ་གོ་ནས་འདི་སྙམ་དུ།་སྒྲུབ་ཐོབ་ཟེར་མཁན་དེ་ཚོ་མཚན་ཉིད་དང་ལྡན་ན་དྲི་ཞིམ་ཇ་ཆང་ལྟ་བུ་དང།་བྲོ་ཆེན་ཁ་ལགས་དང་གསང་བའི་ཡུམ་ལྟ་བུ་ལ་རྒྱུ་མཚན་གང་གིས་ཞེན་ཆགས་ཆེན་པོའི་ཚུལ་བསྟན་པར་བྱེད་ཞེས་པའི་དོགས་པ་སྐྱེད།་དེ་ལྟར་མི་ཕལ་པ་དང་ཡོན་ཏན་ཁྱད་མེད་པ་ཞེས་སོགས་ཀྱི་ཐེ་ཚོམ་ཟ་བར་གྱུར་རོ།་འོ་ན་དམ་ཚིག་གི་ཤ་ལྟ་བུ་བཞེད་བ་དང།་ཚོགས་ཆང་བདུད་རྩིའི་བཅུད་ལེན་པའི་རྒྱུ་མཚན་དེ་གང་ཡིན་ཟེར་ན།་ངོ་བོ་སྐྱོང་ཞེས་པའི་དོན་གྱི་རྒྱུ་མཚན་ནི།་བཟའ་བཏུང་ཟག་མེད་ཀྱི་ཚོགས་ལ་རོལ་པས་མ་ཆགས་མི་ཆགས་ཆགས་རྒྱུ་མེད་པའི་ཞེན་ཆགས་ཆེན་པོའི་ཡེ་ཤེས་བསྐྱེད་པའི་རྐྱེན་ཡིན་པའི་ཕྱིར།་འོ་ན་ཆགས་མེད་ཡེ་ཤེས་ཟེར་བ་རྒྱུ་རྐྱེན་ལས་མ་སྐྱེས་པ་ཞིག་མ་ཡིན་ནམ།་ཡོད་ན་ཡེ་ཞེས་པའི་དོན་གང་འདྲ་ཅིག་ཡིན་ཟེར་ན།་གཉིས་སུ་འཛིན་པའི་ཆོས་མེད་པའི་སངས་རྒྱས་ཡེ་ཤེས་ཀྱི་རང་ངོར་དེ་ལྟར་མེད་ན་ཡང།་ལམ་གྱི་གང་ཟག་མདོ་སྔགས་ཀྱི་ཐབས་གང་ལ་བརྟེན་ནས་དེ་དང་མཐུན་པར་བསྐྱེད་པ་ལ་ནི་ཡོད།་དེ་སྒྲུབས་པའི་ལུང་ནི།་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་ཞེས་དང།་ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞེས་པ་ལ་སོགས་པའོ།་དེ་ལྟར་མཐར་ཐུག་བསྒོམ་མེད་ཕྱག་ཆེན་ནམ་ཆོས་ཉིད་ཟད་པའི་སར་གནས་པའི་སྒྲུབ་ཐོབ་ཆེན་པོ་རྣམས་ཀྱིས་དེ་ལྟར་གྱི་ཚུལ་བསྟན་པའི་དགོས་པ་གང་ཡིན་ཟེར་ན།་ལམ་གྱི་གང་ཟག་རྣམས་ལ་ལམ་གྱིས་ཐབས་ཤེས་ལེགས་པར་སློབ་པའི་ཐབས་དང།་དེར་བཞུགས་དང་མ་བཞུགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང།་ལམ་གྱི་སྒོར་འཇུགས་པའི་ཐབས་དང་ཤེས་རབ་གི་ཡིན་པའི་རྒྱུ་མཚན་ནི།་ལུང་རིགས་མངོན་སུམ་གང་གིས་གཏན་དུ་ཕབ་པར་སླའོ།་

No comments:

Post a Comment